རམ་ནཱ་ཐི་ཀོ་ཝིན་ཌི་རྒྱ་གར་གྱི་སྲིད་འཛིན་གསར་པར་བདམས།

ཟླ་འདིའི་ཕྱི་ཚེས་༢༠ ཉིན་སྐུ་ཞབས་རམ་ནཱ་ཐི་ཀོ་ཝིན་ཌི་འོས་འདེམས་ཀྱི་ལམ་ནས་རྒྱ་གར་གྱི་སྲིད་འཛིན་ཐེངས་༡༤ པར་བདམས་ཐོན་བྱུང་ཡོད་ཅིང་། ཁོང་རྒྱ་གར་གྱི་ཧིན་རྡུ་ཆོས་ལུགས་ཀྱི་རིགས་དམའ་ཤོས་སུ་གཏོགས་པའི་ཆབ་སྲིད་པ་ཞིག་ཡིན་འདུག གཞུང་འཛིན་ཆབ་སྲིད་ཚོགས་པ་བྷི་ཇི་པིའི་རྒྱབ་རྟེན་གྱི་ཐོག་ནས་ཁོང་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་སྟབས། ད་ལྟའི་གཞུང་གི་དབང་ཚད་མཐོ་རུ་བཏང་བ་ཞིག་ཆགས་ཡོད་འདུག

རྒྱ་གར་གྱི་རྩ་ཁྲིམས་ནང་སྲིད་འཛིན་གྱི་ལས་འགན་ཕལ་མོ་ཆེ་ནི་མཛད་སྒོའི་བྱེད་སྒོ་ཁག་སྐྱོང་རྒྱུ་ལས། འཛིན་སྐྱོང་གི་དབང་ཆ་ངོ་མ་སྲིད་བློན་དང་ཁོང་གི་བློན་ཆེན་རྣམས་ཀྱིས་བཟུང་ཡོད་འདུག་ཀྱང་། རྒྱལ་ཁབ་ཀྱི་ཆབ་སྲིད་བརྟན་ལྷིང་མེད་པའི་སྐབས་དང་། རྒྱལ་ཡོངས་འོས་བསྡུ་ཐག་ཆོད་མ་བྱུང་དུས་ཆབ་སྲིད་ཚོགས་པ་གང་གིས་གཞུང་འཛིན་དགོས་མིན་བཅས་ཀྱི་ཐོག་སྲིད་འཛིན་ལ་དབང་ཆ་ཆེན་པོ་ཡོད་པ་རེད་འདུག

ལོ་ན་༧༡ ལ་སོན་པའི་སྐུ་ཞབས་རམ་ནཱ་ཐི་ཀོ་ཝིན་ཌི་ནི་རྒྱ་གར་ཧིན་རྡུ་ཆོས་ལུགས་ཀྱི་རིགས་དམན་པ་དྷ་ལི་ཏཱི་ཡིན་ཞིང་། ད་ཐེངས་ཁོང་ལ་སྲིད་འཛིན་གྱི་རྒྱལ་ཁ་ལས་སླ་པོའི་ངང་ཐོབ་ནས་ཀོང་རེ་སི་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་མེ་ཡེ་རཱ་ཀུ་མར་ལ་ཕམ་ཁ་བྱུང་ཡོད་འདུག ལྕམ་མེ་ཡེ་རཱ་ཀུ་མར་ཡང་དྷ་ལི་ཏཱི་ཡིན་པ་མ་ཟད། ཁྱོན་བསྡོམས་རྒྱ་གར་མི་མང་ཐེར་འབུམ་༡.༣ ཡོད་པ་ལས་ས་ཡ་༢༠༠ ཡས་མས་ཤིག་དྷ་ལི་ཏཱི་ཡིན་འདུག

རྒྱ་གར་དབུས་དང་མངའ་སྡེ་གཉིས་ཀའི་ནང་སྲིད་བློན་མོ་དྷིི་ཤོག་ཁག་གི་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་སྲིད་འཛིན་འོས་བསྡུའི་ཆ་ཤས་ལེན་གྱི་ཡོད་སྟབས། སྐུ་ཞབས་རམ་ནཱ་ཐི་ཀོ་ཝིན་ཌི་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ངེས་པའི་ཚོད་དཔག་དེ་སྔོན་ནས་བྱུང་ཡོད་འདུག
སྐུ་ཞབས་རམ་ནཱ་ཐི་ཀོ་ཝིན་ཌི་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་དེ་ནི། ཧིན་རྡུའི་ཤོག་ཁག་རྣམས་ལ་བཤེས་གཉེན་དུ་གྱུར་ཞིང་། རྒྱ་གར་གྱི་མི་མང་མང་ཤོས་སུ་གྱུར་པའི་ཧིན་རྡུ་ཆོས་ལུགས་དེ་གྲལ་རིམ་དང་པོར་འཛིན་དགོས་པའི་ལྟ་ཚུལ་སྤེལ་མཁན་རྒྱལ་ཡོངས་དྭངས་བླངས་ཚོགས་པ་ནས་གསོ་སྐྱོང་བྱུང་བའི་གང་ཟག་ཅིག རྒྱ་གར་གཞུང་གི་ལས་ཁུངས་མཐོ་ཤོས་ནང་འདེམས་ཐོན་བྱུང་བ་ཆེས་ཐོག་མ་དེ་ཆགས་ཡོད་འདུག ད་ལྟའི་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡང་ཚོགས་པ་དེ་དང་འབྲེལ་བ་ཡོད་པ་ཞིག་ཡིན་འདུག

ཀོང་རེ་སི་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་མེ་ཡེ་རཱ་ཀུ་མར་གྱིས་མོ་རང་སྲིད་འཛིན་འོས་འགྲན་ནང་ཞུགས་དགོས་དོན་ནི། ད་ལྟ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་མཁན་སྐུ་ཞབས་རམ་ནཱ་ཐི་ཀོ་ཝིན་ཌིས་མཚོན་པའི་འདུ་ཤེས་འཛིན་སྟངས་ལ་ཁ་གཏད་གཅོག་ཆེད་དུ་ཡིན་སྐོར་དང་། དེ་བཞིན་དེ་སྔོན་མོས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་རྣམ་དཔྱོད་གཞི་ལ་བཞག་པའི་ཐོག་ནས་འོས་འཕེན་རྒྱུའི་རེ་སྐུལ་བྱས་ཡོད་སྐོར་བཅས་བརྗོད་ཡོད་འདུག

སྲིིད་བློན་མོ་དྷི་ཡིས་དབུ་ཁྲིད་པའི་བྷེ་ཇི་པི་ཆབ་སྲིད་ཚོགས་པར་སྐྱོན་བརྗོད་བྱེད་མཁན་ཚོས་“ང་ཚོས་ཆོས་ལུགས་རིས་མེད་ཐོག་རྩོད་ལེན་བྱེད་ཀྱི་ཡོད་ཀྱང་། གཉའ་གནོན་དང་དབྱེ་འབྱེད་མུ་མཐུད་འབྱུང་བཞིན་འདུག” ཅེས་བརྗོད་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།