རིག་གནས་རྙིང་པ་ཡིན་ན་རྩ་ཆེན་པོ་རེད་ལ་རྗེས་ལུས་ཀྱང་རེད།

“མིའི་རང་བཞིན་དང་མ་འགལ་བའི་ཐོག་ནས་མི་རིགས་ཀྱི་ངོ་བོ་ཉར་ཐུབ་མཁན་རིག་གཞུང་ཞིག་གང་དུ་ཡོད་པ་བཙལ་ནས་སྲུང་སྐྱོབ་བྱེད་དགོས་པ་ལས། ཁ་ནས་རིག་གཞུང་སྲུང་སྐྱོབ་བྱེད་དགོས་ཞེས་བཤད་བསྡད་པ་ཙམ་གྱིས་སྲུང་སྐྱོབ་ཞིག་ཆགས་ཀྱི་མེད།”ཅེས་རྩོམ་པ་པོ་པདྨ་འབུམ་གྱིས་གསུངས་སོང།

_MG_1316ཟླ་འདིའི་ཚེས་༢༣ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། ཨ་རིར་རྟེན་གཞི་བྱས་པའི་ལ་རྩེ་དཔེ་མཛོད་ཁང་གི་འགན་འཛིན་པདྨ་འབུམ་གྱིས་རིག་གཞུང་སྲུང་སྐྱོབ་ཟེར་ན་གང་འདྲ་ཞིག་ལ་གོ་དགོས་པའི་ཐོག་གཏམ་བཤད་གནང་སོང། དེར་ཨ་མྱེས་རྨ་ཆེན་གྱི་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་དང། དཔེ་མཛོད་ཁང་གི་ལས་བྱེད་རྣམས། དེ་བཞིན་དྷ་སའི་ཉེ་འཁོར་གྱི་རྩོམ་པ་པོ་དང་ཉམས་ཞིབ་པ། དོ་སྣང་ཡོད་པའི་མི་སྣ་སོགས་མཉམ་འཛོམས་བྱས་འདུག

ཐོག་མར་བཀྲ་ཤིས་ཚེ་རིང་གིས་པདྨ་འབུམ་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རྗེས། པདྨ་འབུམ་གྱིས་གཏམ་བཤད་གནང་སྐབས། ཁོང་གིས་བོད་ནང་དུ་རིག་གནས་དང་བཙན་བྱོལ་ནང་དུ་རིག་གཞུང་ཞེས་ཐ་སྙད་མི་འདྲ་བ་གཉིས་བེད་སྤྱད་ཀྱི་ཡོད་པ་དེར། འདྲ་སའི་ཆ་དང་མི་འདྲ་སའི་ཆ། དེ་བཞིན་ཏུན་ཧོང་ཡིག་ཆའི་ནང་གཙུག་ལག་ཞེས་པའི་ཐ་སྙད་དེ་ཡོད་པ་ལས། རིག་གཞུང་དང་རིག་གནས་ཞེས་པ་གཉིས་མེད་སྐོར་སོགས་གསུངས་སོང།

ཁོང་གིས་མུ་མཐུད་དུ། བོད་ནང་དུ་ཚིག་མཛོད་རིམ་པ་ཁ་ཤས་ཐོན་པའི་ཁྲོད། རིག་གནས་ཞེས་པའི་ཐ་སྙད་དེར་མཚན་ཉིད་མི་འདྲ་བ་ཁ་ཤས་འཁོད་ཡོད་པས། རིག་གཞུང་ངམ་རིག་གནས་ཀྱི་མཚན་ཉིད་ནི་ལྐོག་གྱུར་གྱི་ངོ་བོ་ཞིག་ལ་གནས་ཡོད་པ། དེ་བཞིན་དེང་སང་བོད་ཀྱི་སྐད་ཡིག་དེ་སྔར་དང་མི་འདྲ་བར་དྲ་ཐོག་དང་སྐད་འཕྲིན་སོགས་ལ་བེད་སྤྱོད་ཤིན་ཏུ་ཤུགས་ཆེན་པོ་བྱེད་པ་དེ། རིག་གཞུང་གི་མཐུན་རྐྱེན་དང་གོ་སྐབས་ཡོད་པར་བརྟེན། རིག་གཞུང་འཁྲུག་ཆ་དོད་པོ་ཆགས་ཡོད་ཁར། དེ་ལ་ཉེན་ཁ་ཡང་ཡོད་དེ། མི་རིགས་གཞན་གྱིས་རང་ཉིད་ཀྱི་རིག་གཞུང་གནོན་པའི་ཉེན་ཁ་ཡོད་པ་སོགས་ཀྱི་སྐོར་ལ་གསུངས་སོང།

དེ་བཞིན་ཁོང་གིས་“ང་ཚོ་བོད་པའི་མཐུན་མོང་མ་ཡིན་པའི་རིག་གནས་ཞེས་བཤད་ཀྱི་ཡོད་པ་དེ། ཡག་པོ་ཡིན་པ་དང་སྡུག་པོ་ཡིན་ཧ་མི་གོ། རིག་གནས་རྙིང་པ་ཞིག་ཡིན་ན་རྩ་ཆེན་པོ་ཡིན་ཡངང་རྗེས་ལུས་ཀྱང་ཆགས་ཀྱི་ཡོད་པས། ངས་བསམ་ན་ང་ཚོ་འགལ་བའི་ནང་གནས་འདུག་”ཅེས་གསུངས་སོང། ཁོང་གིས་རིག་གཞུང་སྲུང་སྐྱོབ་དང་འབྲེལ་ནས། སྲོལ་རྒྱུན་གྱི་རིག་གཞུང་ཁ་ཤས་དུས་ཚོད་དང་རྒྱུ་ཡི་འགྲོ་སོང་ཆེན་པོ་ཡོད་ཁར། དེང་སང་དེ་དག་བེད་སྤྱོ་བྱེད་མཁན་ཡང་མེད་པས། རིག་གཞུང་ཞིག་ཡར་རྒྱས་དང་སྔོན་ཐོན་དུ་འགྲོ་བར། “མིའི་རང་བཞིན་དང་མ་འགལ་བའི་ཐོག་མི་རིགས་ཀྱི་ངོ་བོ་ཉར་ཐུབ་མཁན་རིག་གཞུང་ཞིག་གང་དུ་ཡོད་པ་བཙལ་ནས་སྲུང་སྐྱོབ་བྱེད་དགོས་པ་ལས། ཁ་ནས་རིག་གཞུང་སྲུང་སྐྱོབ་བྱེད་དགོས་ཞེས་བཤད་བསྡད་པ་ཙམ་གྱིས་སྲུང་སྐྱོབ་ཆགས་ཀྱི་མེད་”ཅེས་གསུངས་སོང།

པདྨ་འབུམ་ནི་བོད་ནས་རྒྱ་གར་དུ་ཕྱི་ལོ་༡༩༨༩ ལོར་འབྱོར་བ་དང། ཕྱི་ལོ་༡༩༩༢ ལོར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ ཞིབ་འཇུག་ཁང་འགོ་འཛུགས་མཁན་མི་བཞིའི་ནང་ནས་གཅིག་ཡིན་པ་རེད། ཁོང་གིས་དེབ་<<མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་>>དང་<<དོན་འགྲུབ་རྒྱལ་གྱི་མི་ཚེ།>> <<དྲན་ཐོ་སྨིན་དྲུག་སྐེ་འཁྱོག>> <<དྲན་ཐོ་རྡོ་རིང་མ་>>སོགས་བརྩམས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།