རིག་གཞུང་གིས་རྒྱ་ནག་དབང་བསྒྱུར་བྱེད་ཐུབ་པའི་རེ་བ་ཡོད་སྐོར་༧གོང་ས་མཆོག་གིས་གསུངས་སོང་།

༧གོང་ས་མཆོག་གིས་“ང་ཚོས་རྒྱ་མི་ལ་འཁྲུག་པ་བརྒྱབ་ནས་རྒྱ་མི་ཕྱིར་ཕུད་ཟེར་བ་དེ་ཡོང་ཐུབ་པ་ཁྱོན་ནས་ཡོད་པ་མ་རེད། ངའི་དབུ་མའི་ལམ་ཟེར་བ་དེ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ཁོངས་སུ་འདུག་གི་ཡིན་ཟེར་བ་དེར་ཁེ་ཕན་ཡོད་པ་རེད་”ཅེས་གསུངས་སོང་།

gyalwarinpoche.com

ཟླ་འདིའི་ཚེས་༧ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཟློས་གར་ཁང་དུ་ཞོ་སྟོན་ཐེངས་ཉེར་ལྔ་པར་བཅར་བའི་ལྷ་མོའི་ཚོགས་པ་བརྒྱད་ཀྱི་ཟློས་གར་བ་རྣམས་གཙོར་གྱུར་ཐོག དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ལྔ་པའི་ཚོགས་ཆེན་ལ་བཅར་བའི་ཚོགས་མི་བཅས་ལ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། སྔོན་མ་བོད་ལ་ཡོད་དུས་ཞོ་སྟོན་དུས་ཆེན་དེ་ཉིན་ལྔར་གུང་སེང་ཡོད་པ་དང་། ཁོང་སྐུ་ན་ཆུང་དུས་ཞོ་སྟོན་ཉིན་སྐྱིད་པོ་ཡོད་སྐོར་གསུངས་པ་དང་། “ང་ཚོས་དྲན་གསོ་བྱེད་ཀྱི་ཡོད་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་རང་མགོ་གང་ཐོན་བྱས་ནས་ཕྱིན་ཡོད་པ་མ་རེད། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དམ་འཛིན་བྱས་ནས་བསྡད་ཡོད་པ་རེད། ཟློས་གར་ཡིན་ནའང་བོད་ཀྱི་རིག་གཞུང་གི་ཆ་ཤས་ཤིག་རེད། ང་ཚོ་བཙན་བྱོལ་བ་ཆགས་ནའང། དེ་ཚོ་དམ་སྲུང་བྱས་ཡོད་རེད། བོད་ནང་འགྱུར་བ་འགྲོ་སྡོད་ཀྱི་འདུག རྒྱ་ནག་གི་སྲིད་ཇུས་སྤྱི་ཡོངས་ལ་འགྱུར་བ་འགྲོ་ཡི་འདུག རིམ་པས་འགྱུར་བ་ཏན་ཏན་ཡོང་གི་རེད། ང་ཚོས་རྒྱ་མི་ལ་འཁྲུག་པ་བརྒྱབ་ནས་རྒྱ་མི་ཕྱིར་ཕུད་ཟེར་བ་དེ་ཡོང་ཐུབ་པ་ཁྱོན་ནས་ཡོད་པ་མ་རེད། ངའི་དབུ་མའི་ལམ་ཟེར་བ་དེ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ཁོངས་སུ་འདུག་གི་ཡིན། དེར་ཁེ་ཕན་ཡོད་པ་རེད་ད། ང་ཚོའི་བོད་པ་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་པ་ཡིན་ནའང་། ང་ཚོས་རང་བཙན་ལབ་ན་ཆུང་ཆུང་རེད་ཨ། ཞེ་དྲག་ནུས་པ་མི་འདུག་ཨ། དེ་ལས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད། ང་ཚོར་དགོས་པ་དེ་རང་སྐྱོང་མིང་དོན་མཚུངས་པ། བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་བོད་པའི་རིག་གཞུང་ལ་བདག་ཆ་ཚང་རྒྱག་ཐུབ་པ་ཞིག དེ་རིང་ཁ་སེང་རྒྱ་མིར་འགྱུར་བ་འགྲོ་ཡི་འདུག དངོས་ཡོད་གནས་ཚུལ་རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་ཡི་འདུག་”ཅེས་གསུངས་སོང་།

༧གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་དང་འབྲེལ་ནས་བཀའ་སློབ་གནང་སྐབས། དཔལ་ནལེནྜའི་ཆོས་བརྒྱུད་ལ་བདག་པོ་རྒྱག་ཐུབ་མཁན་བོད་པ་ལས་མེད་པས། རྩ་ཆེན་ཡིན་སྐོར་དང་། བོད་ཀྱི་ནང་ཆོས་དེ་འཛམ་གླིང་སྤྱི་ལ་ཁྱབ་པ་དང་ཚན་རིག་དང་མཐུན་སྐོར་གསུངས་པ་དང་འབྲེལ། “ང་རང་ལ་ཆགས་བཞག་ན། ༧རྒྱལ་བ་རིན་པོ་ཆེའི་མིང་ཞིག་ཁྱེར། བཙན་བྱོལ་བ་ཆགས། བཙན་བྱོལ་ལ་བསླེབས་ནས་ང་རང་ཚོས་རྟེན་གཞི་གསར་པ་བཙུགས། བཙུགས་པ་ཙམ་མ་ཟད། འཛམ་གླིང་སྤྱི་ལ་དོ་སྣང་གསར་པ་བསླེབས་པ་ཞིག་བྱུང་བ་རེད། ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་བོད་པའི་ཆོས་དང་རིག་གཞུང་སྔར་གྱི་ལོ་རྒྱུས་དང་འབྲེལ་བའི་དེ་ཚོར་བསམ་བློ་གཏོང་དུས་ང་ཚོ་སྤོབས་པ་སྐྱེས་རྒྱུ་རེད་འདུག ང་ཚོ་བཙན་བྱོལ་བ་ཡིན་ཞེས་ཞུམ་འདུག་དགོས་པ་མི་འདུག ང་ཚོ་འཛམ་གླིང་འདིའི་ཐོག་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་འཛིན་མཁན་ཡིན་ཞེས་སྤོབས་པ་སྐྱེས་རྒྱུ་རེད་འདུག་”ཅེས་བཀའ་སློབ་གནང་སོང་།

gyalwarinpoche.com

༧གོང་ས་མཆོག་གིས་ཁོང་ཐོག་མར་ངོས་འཛིན་བྱེད་སྐབས་རྟགས་མཚན་དང་ལུང་བསྟན་སྐོར་གསུང་དོན། “ལྷ་མོའི་བླ་མཚོ་ནས་ཨ་ཀ་མ་ཟེར་བའི་ཡི་གེ་ཞིག་ཐོན་པ་རེད། ཨ་དེ་ཨ་མདོ་དང་། ཀ་དེ་སྐུ་འབུམ། མ་དེ་ངའི་མིང་དང་འབྲེལ་བ་ཡོད་བཟོ་འདུག སྐྱེས་པའི་བུ་ལ་བུ་མོའི་མིང་བཏག་ཅེས་ལུང་བསྟན་འདྲ་ཡོད་པ་རེད་ལ། ང་ཆུང་ཆུང་ཡིན་དུས་མིང་ལ་ལྷ་མོ་དོན་གྲུབ་ཟེར་རེད་”ཅེས་དང་ཁོང་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་པ་དང་། དེ་རྗེས་ཀྱི་སློབ་གཉེར་བརྒྱུད་རིམ་གསུངས་པ་དང་། “ད་ལྟ་ངའི་གཟུགས་པོའི་བབས་ལ་བལྟས་ན་རེད། ལུང་བསྟན་དེ་འདྲར་བལྟས་ན་ད་དུང་ལོ་བཅུ་བཅོ་ལྔ་སྡོད་རྒྱུ་རེད། ངས་ཧུར་ཐག་བྱས་ཡོང་། ཁྱེད་རང་ཚོས་ཧུར་ཐག་གྱིས་ཤོག་”ཅེས་གཞོན་སྐྱེས་མི་རབས་ཚོར་བདག་སྐྱོང་དང་། བོད་པའི་ཆོས་དང་རིག་གཞུང་མུ་མཐུད་རྒྱུན་སྐྱོང་དགོས་སྐོར། བོད་ནང་གི་དགེ་རྒན་ཞིག་གིས་ང་ཚོར་རྒྱ་ནག་གི་ཆབ་སྲིད་ཀྱིས་དབང་བསྒྱུར་ཡོད་ནའང་། རིམ་པས་ང་ཚོའི་ཆོས་དང་རིག་གཞུང་གིས་རྒྱ་ནག་ཕར་དབང་བསྒྱུར་བྱེད་ཐུབ་པའི་རེ་བ་ཡོད་སྐོར་ཟེར་གྱི་ཡོད་པས། ང་ཚོར་རེ་བ་ཡོད་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།