རིག་ལམ་སློབ་གཉེར་ཁང་དང་ས་རཱ་མཐོ་སློབ་ཀྱི་སློབ་མ་མཐར་སོན་གྱི་མཛད་སྒོ།
བོད་ཀྱི་རིག་གཞུང་གིས་འཛམ་བུ་གླིང་སྤྱི་ལ་ཕན་པའི་ནུས་པ་དང་ཆ་རྐྱེན་ཡོད་པས། དེས་འཛམ་གླིང་སྤྱི་ལ་ཞབས་ཞུ་སྒྲུབ་ཐབས་ལ་བསམ་བློ་གཏོང་དགོས་སྐོར་༧གོང་ས་མཆོག་གིས་བཀའ་སློབ་གནང་སོང་།
ཟླ་འདིའི་ཚེས་༢༦ ཉིན་དྷ་སའི་ཉེ་འགྲམ་གྱི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རིག་ལམ་སློབ་གཉེར་ཁང་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གཉིས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་ཡོད་པ་དང། སྐུ་མགྲོན་གཙོ་བོ་༧གོང་ས་མཆོག་དབུས་པའི། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་། དེ་བཞིན་རིག་སློབ་མ་ལག་གི་མཁན་པོ་དང་སྤྱི་ཁྱབ་འགན་འཛིན། མཚན་ཉིད་ཀྱི་མཁན་སྤྲུལ་རིན་པོ་ཆེ། ས་རཱའི་སློབ་སྤྱི་དང་དགེ་ལས་སློབ་ཕྲུག། སློབ་ཟུར་དང་རིག་ལམ་སློན་གཉེར་ཁང་གི་ལས་བྱེད་དང་སློབ་མ་བཅས་མཉམ་ཞུགས་བྱས་སོང།
མཛད་སྒོའི་ཐོག་མར་རིག་སློབ་མ་ལག་ཉིས་ཀྱི་མཁན་པོ་དང། མཚན་ཉིད་ཀྱི་མཁན་སྤྲུལ་རིན་པོ་ཆེ། དེ་བཞིན་ས་རཱའི་སློབ་སྤྱི་བཅས་ཀྱིས་༧གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང།
དེ་རྗེས་རིག་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་རིག་སློབ་མ་ལག་གཉིས་ཀྱི་ལས་བསྡོམས་སྙན་སྒྲོན་བྱེད་སྐབས། ཕྱི་ལོ་༢༠༡༤ ལོ་ནས་ད་བར་རིག་ལམ་སློབ་གཉེར་ཁང་ནས་ཆོས་ལུགས་རིས་མེད་ཀྱི་དགེ་བཤེས་སྐབས་༤ ཐོན་ཡོད་པ་དང། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་༡༥ ཐོན་ཡོད་པ། དེ་ལས་ཐོན་པའི་སློབ་མ་མང་དག་ཅིག་དེང་གི་ཆར་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནང་ལས་ཀ་བྱེད་མཁན་མང་པོ་ཡོད་པ་དང། དེ་བཞིན་ཐེངས་འདིར་ས་རཱ་མཐོ་སློབ་ནས་གཙུག་ལག་རབ་འབྱམས་པ་སྐབས་དང་པོར་སློབ་མ་༡༣ ཐོན་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།
ཆོས་རིག་བཀའ་བློན་གྱིས་རིས་མེད་དགེ་བཤེས་ཐོན་མཁན་དག་ལ་ལག་ཁྱེར་གནང་བ་དང། ཤེས་རིག་བཀའ་བློན་གྱིས་གཙུག་ལག་རབ་འབྱམས་པ་དང་མཐོ་རིམ་རིག་གནས་རབ་འབྱམས་ཐོན་པའི་སློབ་མ་ཚོར་ལག་ཁྱེར་གནང་རྗེས། གཏམ་བཤད་གནང་དོན། ས་རཱ་མཐོ་རིམ་སློབ་གཉེར་ཁང་ནི་ཤེས་རིག་ལས་ཁུངས་དང་འབྲེལ་ལམ་ཡག་པོ་ཡོད་པ། རིག་གནས་རབ་འབྱམས་པ་ཐོན་མཁན་ཚོས་མུ་མཐུད་གཙུག་ལག་རབ་འབྱམས་པར་སློབ་གཉེར་དང། གཙུག་ལག་རབ་འབྱམས་པ་ཐོན་མཁན་ཚོས་མུ་མཐུད་འབུམ་རམས་པར་སློབ་གཉེར་བྱེད་པར་འབད་རྩོན་བྱེད་དགོས་པ། ཁ་གཏད་རྒྱ་ནག་ལ་དཔལ་འབྱོར་དང་དམག་གིས་བསྡུར་ཐབས་མེད་པས། རྣམ་དཔྱོད་དང་ཤེས་ཡོན་ཡོན་གྱི་ཚད་མཐོན་པོ་བཟོ་དགོས་སྐོར་དང། ཤེས་རིག་ལས་ཁུངས་ཀྱི་ལས་འཆར་ཁག་ཅིག་སྙན་སེང་ཞུས་སོང།
མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། ཐོག་མར་ཕྱི་ལོ་༡༩༥༩ ལོར་ཁོང་བཙན་བྱོལ་དུ་ཕེབས་སྐོར་དང་ཁོང་དང་རྒྱ་གར་གྱི་སྲིད་བློན་འདས་པོ་ནེ་རཱུ་གཉིས་ཀྱི་འབྲེལ་བའི་སྐོར། དེ་བཞིན་ཕྱི་དངོས་པོ་ཡར་རྒྱས་ཕྱིན་ཡོད་ཀྱང། ནང་སེམས་ཡར་རྒྱས་ཕྱིན་མེད་ན་སེམས་མི་ཞི་བར་གནས་ཀྱི་ཡོད་པས། ཚན་རིག་དང་ནང་ཆོས་གཉིས་ཀྱི་བགྲོ་གླེང་དང་མཉམ་ལས་བྱས་པ་བརྒྱུད། ནང་སེམས་ཀྱི་ཞི་བདེ་ཡིས་ལུས་ཀྱི་འཕྲོད་བསྟེན་ལ་ཕན་གྱི་ཡོད་པ་ར་འཕྲོད་བྱུང་ཡོད་པ། དེ་བཞིན་དེ་སྔ་བོད་མི་ཚོས་སྐད་ཡིག་གཙོས་པའི་རིག་གཞུང་བདག་ཉར་བྱས་པ་དེ། འཛམ་གླིང་སྤྱི་ལ་ཕན་པ་སྒྲུབ་པའི་ནུས་པ་དང་ཆ་རྐྱེན་ཡོད་པས། དེས་འཛམ་གླིང་སྤྱི་ལ་ཞབས་ཞུ་སྒྲུབ་ཐབས་ལ་བསམ་བློ་གཏོང་དགོས་པ། སྐྱ་བོ་ཕོ་མོ་ཚང་མས་གཞུང་ཆེན་ཁག་ལ་བལྟ་དགོས་པ། དུས་རབས་ཉེར་གཅིག་པའི་ནང་པ་བྱེད་པར་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཐོག་ནས་ཆོས་ཁྲིད་བྱས་ན། བསྟན་པ་དེ་དུས་རབས་ཉེར་གཉིས་ཉེར་གསུམ་བར་གནས་ཐུབ་རྒྱུ་ཡིན་སྐོར་བཀའ་སློབ་གནང་སོང།
དེ་བཞིན་ཁོང་གིས་ཨ་རི་དང་སུད་སི་ལ་ཡོད་པའི་བོད་པའི་གཞོན་སྐྱེས་ཁ་ཤས་ཀྱིས་བོད་པའི་ཞབས་འདྲེན་ཞུས་པ་བྱུང་ཡོད་འདུག་པས། གཞོན་སྐྱེས་ཚོས་བོད་པའི་ཞབས་འདྲེན་མི་ཞུས་པའི་བཀའ་སློབ་ལམ་སྟོན་དང། རྣམ་དཔྱོད་དང་ཤེས་ཡོན་ཡོད་ཀྱང། ལྷག་བསམ་དང་སེམས་འདུལ་བ་མེད་ཚེ་སྤྱི་ཚོགས་ནང་རྙོག་གྲྭ་བཟོ་བ་དང། རང་གཞན་གཉིས་ཕུངས་བྱེད་ཀྱི་ཡོད་སྐོར་བཀའ་སློབ་གནང་སོང།
མཛད་སྒོའི་མཐའ་མར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འཇམ་དཔལ་གྲགས་པས་ཐུགས་རྗེ་ཆེའི་གསུང་བཤད་གནང་རྗེས། མཛད་སྒོ་གྲོལ་སོང་བ་དང། ༧གོང་ས་མཆོག་གིས་བསླབ་པ་མཐར་སོན་རྣམ་དང་ལྷན་དུ་སྐུ་པར་བསྒྲོན་རྗེས་སུ། ཞིང་གཤེགས་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོའི་མཚན་ཐོག་གི་དཔེ་མཛོད་ཁང་ལ་རབ་གནས་མཛད་སོང།
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་ལོ་ལྟར་མཐོ་རིམ་རིག་གནས་རབ་འབྱམས་པ་དང། ཟུར་སྦྱོང། དེ་བཞིན་ཕྱི་རྒྱལ་སྐད་ཡིག་འཛིན་གྲྭ་བཅས་ལ་སློབ་འཇུག་བྱེད་ཀྱི་ཡོད་པ་དང། དེ་གར་ཤེས་རིག་གི་དགེ་རྒན་འོས་སྦྱོང་དང། རིག་ལམ་སློབ་གཉེར་ཁང་གི་རྟག་གསལ་འཛིན་གྲྭའི་ཆ་རྐྱེན་སྐྲུན་གྱི་ཡོད་པ་རེད། དེ་བཞིན་ལོ་གཉིས་རེའི་མཚམས་སུ་གཙུག་ལག་རབ་འབྱམས་པ་ལོ་རྒྱུས་དང་རྩོམ་རིག་གི་སློབ་ཚན་ཐོག་ལ་སློབ་འཇུག་བྱེད་ཀྱི་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།