རིགས་གཅིག་རྐང་འཛིན་པའི་བོད་ཡིག་ཉམས་ཞིབ་ཀྱི་ཆེད་དེབ་དབུ་འབྱེད།
ཟླ་འདིའི་ཚེས་༢༢ ཉིན་ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མ་ཡིན་པའི་རིག་གཅིག་རྐང་འཛིན་གྱི་ཉམས་ཞིབ་པ་ཨ་འཁོར་བཟོད་པའི་ཆེད་དེབ་<<བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་རིག་པའི་དཔྱད་ཞིབ་>> ཅེས་པའི་ཆེད་དེབ་སྲིད་སྐྱོང་བློ་བཟང་སེང་གེས་དབུ་འབྱེད་གནང་སོང་།
དེ་ཡང་ཟླ་འདིའི་ཚེས་༢༢ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག <<བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་རིག་པའི་དཔྱད་ཞིབ་>> དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་པ་དང་། དེར་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་དང་། ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱས། ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་འགྲུབ་བཅས་ཕེབས་ཡོད་པ་རེད།
དེ་ཡང་༢༠༠༣ ལོར་ཤེས་རིགས་ལས་ཁུངས་ཀྱིས་རྒྱ་གར་གཙུག་ལག་སློབ་གཉེར་ཁག་ནང་ཉམས་ཞིབ་གནང་རྒྱུའི་གོ་སྐབས་མེད་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གནས་ཐོག་ཉམས་ཞིབ་ཐུབ་པའི་གནས་ཚད་ཡོད་མཁན་ཚོར་སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་ཉམས་ཞིབ་སློབ་ཡོན་གྱི་ལས་འཆར་སྤེལ་ཏེ། ད་བར་སློབ་མ་༤༣ ལ་ཉམས་ཞིབ་སློབ་གཉེར་བའི་གོ་སྐབས་སྤྲད་ཡོད་པ་དང་། དེའི་ནང་ནས་ཆེད་རྩོམ་ཁག་ལ་མཁས་པས་ཞིབ་ལྟ་བྱས་ཏེ། མི་༧ ལ་རིག་གཅིག་རྐང་འཛིན་གྱི་ཉམས་ཞིབ་པའི་ལག་ཁྱེར་སྤྲད་ཟིན་ཡོད་པ་རེད།
ཉམས་ཞིབ་དེའི་ནང་ཞུགས་རྒྱུར་སློབ་མ་རང་ཉིད་ཀྱིས་བདམས་པའི་བརྗོད་གཞིའི་ཐོག་ཡིག་ཚད་བཏང་རྗེས། ཡིག་ཚད་ཀྱི་བརྒྱ་ཆ་ལོན་མཁན་ཚོར་ཉམས་ཞིབ་ཀྱི་སློབ་ཡོན་སྤྲོད་ཀྱི་ཡོད་པ་རེད།
ཨ་འཁོར་བཟོད་པས་ཁོང་གི་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་སྐོར་ལ་ཉམས་ཞིབ་བྱས་པའི་ཆེད་དེབ་དེའི་སྐོར་འགྲེལ་བརྗོད་གནང་བ་ལྟར་ན། ནང་བསྟན་རིག་པའི་ནང་དུ་བཞུགས་པའི་ཤེས་ཡོན་རིག་པ་དང་འབྲེལ་བའི་ལྟ་གྲུབ་དང་རིགས་ལམ། ལག་ལེན་བཅས་དཔྱད་གཞི་གཙོ་བོར་བཟུང་ཡོད་པ་དང་། དེའང་ཤེས་ཡོན་རིག་པའི་ཁྱབ་ཁོངས་ནས་གླེང་དགོས་སྟབས། རིག་གནས་རིག་པའི་འཚོལ་ཞིབ་དང་། གནའ་དེང་ཕྱི་ནང་གི་ཤེས་ཡོན་ངོས་འཛིན་བྱེད་ཚུལ། ཤེས་ཡོན་ངོས་འཛིན་དང་སྡོམ་ཐོབ། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་རིག་པ་བཅས་ལེའུ་བཞིའི་སྒྲོམ་གཞིའི་འོག་ཏུ་ནང་གསེས་ས་བཅད་བཞི་བཅུ་ཞེ་གསུམ་ཡོད་པ་རེད།
དེ་བཞིན་སྲོལ་རྒྱུན་ཤེས་ཡོན་གྱི་རིགས་ལམ་དེ་དག་དེང་གི་ཤེས་ཡོན་རིག་པའི་ཁྲོད་དུ་ཇི་ལྟར་ངོས་འཛིན་དང་། འགྲེལ་བརྗོད། དཔྱད་ཞིབ། ལག་ལེན་བསྟར་དགོས་མིན་བཅས་ཀྱི་སྐོར་ལ་རིགས་ལམ་འདྲ་མིན་གྱི་སྒོ་ནས་དཔྱད་ཞིབ་བྱས་ཡོད་པ་དང་། དངོས་ཡོད་གནས་ཚུལ་ལའང་ནང་བསྟན་རིག་པའི་གླེག་བམ་དག་གི་ནང་དུ་དེང་གི་ཤེས་ཡོན་རིག་པའི་ཁྲོད་དུ་སྤྱོད་འོས་པའི་ལམ་སྟོན་སོགས་ཡོད་སྐོར་རྩོམ་པ་པོས་འགྲེལ་བརྗོད་བྱས་འདུག
སྲིད་སྐྱོང་བློ་བཟང་སེང་གེས་དཔེ་དེབ་དབུ་འབྱེད་གནང་བ་དང་འབྲེལ་ནས་གསུང་བཤད་གནང་སྐབས། ཐོག་མར་༧གོང་ས་མཆོག་གིས་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་དགོས་པའི་ལམ་སྟོན་གནང་བ་ལྟར། ཤེས་རིགས་ལས་ཁུངས་ཀྱིས་མཐུན་རྐྱེན་སྦྱོར་གྱི་ཡོད་སྐོར་དང་། ཁོང་གིས། “སྔོན་མ་ཡིན་ན་དེབ་བརྩམས་བཞག་པ་ལས། ཟུར་ལྟའི་ཡིག་ཆ་དང་དེབ་ཀྱི་མིང་སྦྱར་བའི་ལུགས་སྲོལ་དཀོན་པོ་རེད། ནུབ་ཕྱོགས་པའི་ཞིབ་འཇུག་གནང་སྟངས་ཡིན་ན་ཞབས་མཆན་དེ་གལ་ཆེན་པོར་བརྩི་བ་དང་། དེབ་དང་རྩོམ་དེ་ཚད་དང་ལྡན་པ་ཡིན་དང་མིན་ཞབས་མཆན་ཡོད་མེད་དང་། ཁུངས་སྐྱེལ་རྒྱུ་ཡོད་མེད། དེ་བཞིན་དེབ་དང་རྩོམ་ག་རེ་གཟིགས་ཡོད་མེད་མཐའ་དེར་སྦྱར་ན། དེ་ནས་འབུམ་རམས་པའི་ལག་ཁྱེར་ཡིན་ནའང་རེད། མཁས་པ་ཡིན་མིན་ཐག་གཅོད་ཀྱི་རེད། མཁས་པས་དེབ་མ་བཀླགས་པར་ཞབས་མཆན་དེ་བཀླགས་ནས་ཞིབ་འཇུག་གཏིང་ཟབ་པོ་བྱས་ཡོད་མེད་དང་། ཟུར་ལྟའི་དེབ་ག་ཚོད་བཀླགས་ཡོད་མེད་ལ་བལྟས་ནས་དེབ་ཀྱི་སྤུས་ཚད་གསལ་པོ་ཆགས་ཀྱི་རེད་ཅེས་བཤད་སྲོལ་ཡོད་རེད། སློབ་ཚན་གཅིག་གི་ཐོག་མཁས་པ་ཡིན་ན་དེའི་སྐོར་གྱི་དེབ་ཆ་ཚང་གཟིགས་མྱོང་མཁན་ཡིན་པས། དེབ་གསར་པ་ཞིག་སླེབས་དུས་རྒྱབ་ལ་བལྟས་ནས་མཁས་པ་མང་པོས་བརྩམས་པའི་དེབ་གཟིགས་ཡོད་མེད་ལ་ལྟ་ཡི་ཡོད་རེད། དེ་ཚོ་དགོས་པར་བརྟེན། རིགས་གཅིག་རྐང་འཛིན་སློབ་མ་ཚོར་ཟབ་སྦྱོང་ཐེངས་གསུམ་སྤྲད་པ་རེད། ཟུར་ལྟའི་དེབ་དང་ཞབས་མཆན་གཉིས་ཀ་མེད་པར། དེབ་ཀྱི་ནང་གཞན་ལ་བལྟས་ནས་བཤུས་པ་ཡོད་ན་དཔེ་བཤུ་རེད་ཅེས་མིང་ཆད་ཡོང་གི་ཡོད་པ་རེད་”ཅེས་གསུངས་སོང་།
སྲིད་སྐྱོང་གིས། “ད་ཐེངས་ཀྱི་ཨ་འཁོར་བཟོད་པ་ལགས་ཀྱི་དེབ་ལ་ནུབ་ཕྱོགས་མཁས་པས་གཟིགས་ན་ཚད་ལྡན་དང་། སྲོལ་རྒྱུན་གྱི་ཐོག་ནས་གཟིགས་ན་ཡང་ཚད་དང་ལྡན་པ་ཆགས་ཡོད་པ་རེད། དེའི་ནང་ནང་དོན་རིག་པ་དང་། གཡུང་དྲུང་བོན་རིག་པ། སྲོལ་རྒྱུན་གྱི་དམངས་ཁྲོད་རིག་པ་གསུམ་ཆ་ཡོད་པ། ནུབ་ཕྱོགས་དང་སྲོལ་རྒྱུན་གཉིས་ཀྱི་ཐོག་སློབ་ཁྲིད་བྱེད་སྟངས་དཔྱད་བསྡུར་བྱས་ཡོད་པ་རེད་”ཅེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།