རིན་མེད་ལ་འཚང་ཁ་ཆེ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༧༥ ཕྱི་ལོ་ ༢༠༡༥/༡༢/༣༠
བཙན་བྱོལ་བོད་པའི་སྤྱི་ཚོགས་ནི་སྐྱིད་སྡུག་གཞན་ལ་རེ་བའི་ཡུལ་གྱར་བ་ཞེ་གཅིག་རེད་ཅེས་བརྗོད་ཆོག་པ་དང། སྤྱི་ཚོགས་འདིར་སྤུས་ཀ་དག་མིན་ལ་མ་ལྟོས་པར་རིན་མེད་ཀྱི་ཐོག་ནས་ཐོབ་པ་ནི་མང་པོ་རེད་ཅེས་བརྗོད་ཆོག དཔེར་ན་སློབ་ཡོན་རིན་མེད། སྡོད་ཁང་རིན་མེད། སྨན་བཅོས་རིན་མེད། སྣེ་ལེན་རིན་མེད། གསུང་ཆོས་རིན་མེད། དཔེ་དེབ་རིན་མེད། གྱོན་ཆས་རིན་མེད་སོགས་རིན་མེད་མང་པོ་ཞིག་རག་མྱོང་ཡོད་སྟབས། རིན་མེད་ཅེས་པའི་མིང་དེ་གོ་མ་ཐག་མང་པོ་ཞིག་གིས་འཚང་ཁ་ཤིག་ཤིག་བྱས་ནས་འགྲོ་བ་དང། འཚང་ཁ་ཤིག་ཤིག་བྱས་ནས་ལེན་པ་སོགས་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་ལ། ཅིག་བྱས་ནས་མི་ལ་ལག་པ་བཟེད་རྒྱུའི་གོམས་གཤིས་དེ་རྒྱུད་ལ་འཇགས་སོང་བ་ཞིག་ཀྱང་ཡིན་སྲིད་པ་རེད། གང་ལྟར་སྤྲོད་མཁན་མང་པོ་ཡོད་པ་ལྟར། ལེན་མཁན་ནི་དེ་བས་ཀྱང་མང་པོ་ཡོད་པ་སྨྲོས་མི་དགོས་པ་རེད། ད་དུང་གཅིག་རག་ཀྱང་དེ་སྦས་ནས་གཞན་དག་ཅིག་རག་ཐབས་བྱེད་པ་དང། རིན་མེད་ཀྱིས་བླངས་ནས་རིན་ཡོད་དུ་འཚོང་མཁན་ཡང་མང་པོ་མཐོང་རྒྱུ་ཡོད།
སྤྱིར་རིན་མེད་ཅེས་པ་སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཡིན་ནའང། དེ་ལ་བརྟེན་ནས་ཤུགས་རྐྱེན་ངན་པའང་མི་ཉུང་བ་ཞིག་ཐེབས་བཞིན་ཡོད་པ་ནི་སྨྲོས་མི་དགོས་པ་རེད། དཔེར་ན་སློབ་ཡོན་རིན་མེད་ལ་བརྟེན་ནས་ཕ་མས་བུ་ཕྲུག་ལ་འགན་ཁུར་མི་ལེན་པ་དང། སྡོད་ཁང་རིན་མེད་ཡིན་པས་བདག་གཅེས་མི་བྱེད་པ། སྨན་བཅོས་རིན་མེད་ཡིད་པས་ཡག་སྡུག་ལ་མི་བལྟ་བ། སྣེ་ལེན་རིན་མེད་ཡིན་དུས་ངོ་སོ་མི་ཤེས་པ། གསུང་ཆོས་རིན་མེད་ཡིན་དུས་དོ་སྣང་མི་བྱེད་པ། དཔེ་དེབ་རིན་མེད་ཡིན་དུས་བལྟ་ཀློག་མི་བྱེད་པ་སོགས་ནི་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་ཡོད། ད་དུང་སློབ་གྲྭ་དང། སྨན་ཁང། དཔེ་དེབ་སོགས་སུ་ལས་ཀ་བྱེད་མཁན་རྣམས་ཀྱི་ངོས་ནས་རོགས་རམ་འཚོལ་སྒྲུབ་འབའ་ཞིག་ལས་སྤྱི་ཚོགས་ནང་རང་ཉིད་ཀྱི་རྐང་པའི་ཐོག་ནས་རང་ཉིད་ལངས་ཐུབ་པའི་ནུས་པ་ནི་ཧ་ཅང་ཞན་ལ། གོང་གསལ་རིན་མེད་ཐོབ་པ་དག་གི་སྤུས་ཚད་ནི་དེ་བས་ཀྱང་ཞན་སྟབས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ནས་བསམ་ན་ཕན་གནོད་ཀྱི་ཕྱོགས་གཉིས་ཀ་ནས་བསམ་བློ་གཏོང་དགོས་པ་གལ་ཆེ།
བོད་གཞུང་གི་ངོས་ནས་བཙན་བྱོལ་བོད་མི་སྐྱོ་པོ་དག་ལ་རོགས་རམ་གང་ཐུབ་གནང་གི་ཡོད་པ་དང། དེ་དག་ལ་རོགས་རམ་དགོས་པའི་བསམ་ཚུལ་ཤོད་མཁན་ནི་སྤྱི་ཚོགས་ཀྱི་ཕྱོགས་ངོས་གང་ས་རུ་མང་པོ་གོ་རྒྱུ་ཡོད། ཉམ་ཐག་གི་མིང་ཐོག་ནས་བོད་གཞུང་གི་སྐྱོབ་གསོ་རག་མཁན་གྱི་ནང་དུ། ཚོང་པ་པདྨ་ཚེ་དབང་གི་ཚོང་རྐུབ་རྡིབ་དུས་བུ་ལོན་ཧིན་སྒོར་འབུམ་བཅུ་གསུམ་བཅུ་བཞི་རེ་ལེན་རྒྱུ་ཡོད་མཁན་དང། འབུམ་དྲུག་བདུན་རེ་ལེན་རྒྱུ་ཡོད་མཁན་མང་པོ་ཐོན་པ་རེད། གནས་ཚུལ་དེ་ཚབས་ཆེན་པོ་དེ་ཙམ་ཡིན་མིན་གང་ལྟར་ཡང། སྤྱི་ཚོགས་ཤིག་གི་བསམ་བློ་གཞན་བརྟེན་ཅན་དུ་གྱུར་སོང་ན། དུས་ནམ་ཡང་སྤྱི་ཚོགས་དེ་རྗེས་ལུས་ཅན་དུ་འགྱུར་རྒྱུ་ལས། འགྱེལ་ས་ནས་ལངས་ཐུབ་པའི་རེ་བ་ཧ་ཅང་གི་ཁག་པོ་ཡིན། ཆེ་ས་ནས་རྒྱལ་ཁབ་དང་མི་རིགས། ཆུང་ས་ནས་ནང་མི་དང་བུ་ཕྲུག་གསོ་སྐྱོང་སོགས་ཕྱོགས་གང་ཐད་ནས་རང་འགོ་རང་ཐོན་དགོས་པ་ནི་གལ་ཆེ་ཤོས་སུ་གྱུར་ཡོད་པས། བོད་པ་རྣམས་བཙན་བྱོལ་དུ་གྱུར་ནས་མི་ལོ་དྲུག་ཅུ་ལ་ཉེ་བའི་དུས་འདིར་ཕྱོགས་གང་ཐད་ནས་དེ་ཙམ་དཀའ་ངལ་ཆེན་པོ་མེད་སྙམ།
སྐབས་འདིར་ཁ་གསལ་པོའི་ཐོག་ནས་བརྗོད་དགོས་པ་ཞིག་ལ་རིན་མེད་གནང་མཁན་རྣམས་ནི་ཧ་ཅང་བཀའ་དྲིན་ཆེན་པོ་རེད་ཅེས་བརྗོད་རྒྱུ་ལས་མེད་ལ། དངོས་གནས་ལྷག་བསམ་རྣམ་དག་ཡིན་ངེས་རེད། འོན་ཀྱང་བོད་མི་མང་ཆེ་བའི་གཤིས་ཀ་དེ་ཉིད་གཞན་བརྟེན་དང་བག་འཁུམས། མི་ལ་ལག་པ་བཟེད་རྒྱུ་ལས་གཞན་མེད་པ་ཞིག་ཆགས་སོང་ན་དེ་ནི་མི་རིགས་ཤིག་དང། ལྷག་པར་དུ་འགྱེལ་ས་ནས་ལངས་དགོས་པའི་མི་རིགས་ཤིག་གི་ངོས་ནས་བཤད་ན་གྱོང་གུད་ཆེན་པོ་ཞིག་རེད། འཚོ་བའི་ཐོག་ནས་གཞན་བརྟེན། ཆབ་སྲིད་བསམ་བློའི་ཐོག་ནས་གཞན་བརྟེན། མི་རིགས་ཀྱི་ངོ་བོ་ཡང་གཞན་བརྟེན་གྱི་ཐོག་ནས་བརླག་རྒྱུར་ཅི་མི་སྙམ་པའི་སྤྱི་ཚོགས་ཤིག་ལ་མཚོན་ན། ནམ་ཡང་འགྱེལ་ས་ནས་ལངས་མི་ཐུབ་པ་ནི་ཐག་བཅད་ནས་བཤད་ཆོག་པ་ཞིག་རེད། ཕྱོགས་གཅིག་ནས་རྒྱ་གར་མི་མང་ཡང་ལོ་མང་པོ་ཞིག་གི་རིང་ལ་དབྱིན་ཇིའི་འོག་ཏུ་སྡོད་དགོས་བྱུང་བའི་གཞན་བརྟེན་གྱི་བསམ་བློ་ནི་ཏིལ་དང་ཏིལ་མར་བཞིན་འདྲེས་ཡོད་སྟབས་བོད་པ་ལའང་ཤན་ཤུགས་ཐེབས་སྲིད་པ་རེད།
མདོར་བསྡུས་ན་གཞན་བརྟེན་ཁོ་ནར་རེ་ཞིང་རིན་མེད་ཁོ་ན་ལ་འཚང་ཁ་རྒྱག་རྒྱུའི་གོམས་གཤིས་དེ་སྤྱི་ཚོགས་ནང་ནད་ཡམས་བཞིན་འགོས་ཁྱབ་སོང་ཟིན་དུས་བཅོས་ཐབས་དཀའ་ནའང། སྐྱོན་ལ་སྐྱོན་དུ་མཐོང་བའི་བློ་མིག་ཙམ་ཡོད་ནའང་རིམ་པས་བཅོས་ཐབས་ཤིག་རྙེད་སྲིད་པ་རེད། སྡུག་ས་ནས་བཤད་ན་མི་ཁ་ཤས་སྨན་བཅོས་རིན་མེད་ལ་རེ་བ་བརྒྱབ་ནས་ཚེ་སྲོག་ཤོར་བའི་གནས་ཚུལ་ཡང་ང་ཚོའི་མིག་མདུན་དུ་ལྷགས་མྱོང་བ་དང། དེ་དང་དེ་ལྟ་བུའི་དཔེ་མཚོན་མང་པོ་ཞིག་མཐོང་ཡོང་དུས་དངངས་འདར་བྱེད་པ་ཙམ་ལས་སྤྱི་ཚོགས་ཁ་ལོ་སྒྱུར་བའི་ནུས་པ་དང་འཇོན་ཐང་ནི་སུ་ལའང་མེད་པས་རིམ་བཞིན་འདི་ལྟ་བུའི་ཐོག་ནས་འགྲོ་ངེས་རེད། གང་ལྟར་གནས་སྐབས་ཀྱི་ཁེ་ཕན་དེ་ཉིད་མཐར་ཐུག་གི་གྱོང་གུད་ཅིག་ཏུ་འགྱུར་བཞིན་ཡོད་ན་དེ་ནི་དོར་བྱ་ཁོ་ན་ཡིན་ལ། གནས་སྐབས་གྱོང་གུད་ཡིན་ཡང་མཐར་ཐུག་ཁེ་བཟང་དུ་འགྱུར་ངེས་ཡིན་ན་དུས་ནམ་ཡང་བླང་བྱ་ཁོ་ནར་བརྩི་ཐུབ་པའི་མི་རིགས་ཤིག་བྱུང་ན་དེ་ནི་དུས་ནམ་ཞིག་རང་ཉིད་ཀྱི་རྐང་པའི་ཐོག་ལངས་ཐུབ་ངེས་རེད།།