རུ་སོག་དོན་གཅོད་གང་མགྱོགས་བསྐོ་གཞག་ཐུབ་དགོས་པ་དང་སྐུ་ཚབ་དོན་གཅོད་གཞན་ཁག་གི་སྐོར་བཅས་བགྲོ་གླེང་གནང་སོང་།

སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་ལྔ་པ་དཔལ་ལྡན་ཚོགས་གཞོན་དབུ་བཞུགས་ཐོག་དབུ་འཛུགས་གནང་ནས། མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། གཏན་འབེབས་གནང་སོང་།

སྐབས་དེར་སྤྱི་འཐུས་རྣམ་པས། ལྡི་ལི་དོན་གཅོད་ཁང་དེ་གལ་ཆེན་ཡིན་པས་ལས་ཀ་བྱེད་མཁན་ཚོ་ཡང་རྒྱལ་སྤྱིའི་ཆབ་སྲིད་དང་ཕྱི་འབྲེལ་ལ་ཉམས་མྱོང་དང་གོ་རྟོགས་ཡོད་མཁན་བསྐོ་གཞག་དགོས་རྒྱུ་དང་། དེབ་སེར་པོ་མེད་མཁན་ཚོ་ལ་མེད་པའི་རྒྱབ་གཉེར་སྤྲད་རྒྱུ་གལ་ཆེན་ཡིན་པ། ས་གནས་ཁག་གི་ཟ་ཁང་དང་མགྲོན་ཁང་གི་བདག་པོ་ཚོས་ཀྱང་། རྒྱ་གར་གྱི་དཔོན་རིགས་ཕེབས་མཁན་ཚོ་ལ་ཆེ་མཐོང་དང་གུས་བཀུར་དགོས་རྒྱུ་གལ་ཆེན་ཡིན་པ། ཐོན་མཆན་(exit Permit) དང་ཕྱིར་ལོག་ཐོངས་མཆན་(return visa) དུས་ཐོག་མ་རག་པའི་དཀའ་ངལ་སེལ་ཐབས་གནང་དགོས་པའི་དགོངས་ཚུལ་དང་། ལྡི་ལི་དོན་གཅོད་ཀྱི་རྒྱུན་གྲོན་དང་དམིགས་བསལ། ཟུར་བཀོལ་གྱི་སྔོན་རྩིས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་རྒྱུན་གྲོན་དང་དམིགས་བསལ་གྱི་སྔོན་རྩིས་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་ལ། དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་ཀྱི་རྒྱུན་གྲོན་དང་དམིགས་བསལ་གཏན་འབེབས་སྐབས། སུད་སི་བུད་མེད་ལྷན་ཚོགས་ཇེ་ནེ་ཝ་ལྷན་ཚོགས་ཞེས་པའི་ནང་ཚོགས་མི་ཆགས་ནས་བཟུང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་གཙོས་པའི་འཐབ་རྩོད་པ་ཁག་ཅིག་གཏམ་བཤད་ལ་གདན་འདྲེན་ཞུས་ཡོད་པ་ལྟར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཀྱང་ཚོགས་པ་དེ་འདྲའི་ནང་ཞུགས་ཐུབ་ན་དགེ་མཚན་ཆེ་བ། སུད་སི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྒན་པ་ཚོས་སེམས་འཚབ་ཀྱིས་གཞོན་སྐྱེས་གང་མང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཞུགས་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པས། སུད་སིའི་ནང་བོད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་ཐུབ་མིན། དབྱིན་ཡུལ་དུ་སློབ་ཕྲུག་གི་ཚོགས་པ་འཛུགས་རྒྱུ་དང་། དབྱིན་ཡུལ་གཞུང་དང་བོད་གཞུང་དགའ་ལྡན་ཕོ་བྲང་བར་གྱི་འབྲེལ་ལམ་ཐོག་བགྲོ་གླེང་དང་ཚོགས་འདུ་དགོས་གལ་ཆེ་བ། བོད་དོན་ཞུ་གཏུག་གནང་རྗེས་འབྲེལ་ཡོད་ལ་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུ་དང་འབྲེལ་ལམ་རྒྱུན་འཁྱོངས་གནང་རྒྱུ་གལ་ཆེན་ཡིན་པ། གཞུང་འཛིན་ཙམ་མ་ཡིན་པར། ཕྱོགས་འགལ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་དང་ལྷན་དུ་འབྲེལ་བ་དམ་ཟབ་ཉར་དགོས་པ། སོག་པོ་དང་འབྲེལ་ལམ་ཟབ་ཏུ་གཏོང་དགོས་པ་མ་ཟད་རུ་སོག་དོན་གཅོད་གང་མགྱོགས་བསྐོ་གཞག་ཐུབ་དགོས་པ། གཞོན་སྐྱེས་ཚོས་སྣེ་ཁྲིད་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས། དོན་གཅོད་ཁང་ཁག་གི་རྒྱབ་སྐྱོར་བྱས་ཡོད་མེད། ཨ་རིའི་དོན་གཅོད་དང་སྦེལ་ཇམ་དོན་གཅོད་ས་གནས་སོ་སོའི་བོད་རིགས་ཚོགས་པའི་ནང་ཁུལ་རྙོག་གྲའི་ནང་ཚུད་ཡོད་མེད་དང་། ཕྱོགས་ལྷུང་གི་ལས་ཀ་བྱས་ཡོད་མེད་སོགས་ཀྱི་སྐོར་བགྲོ་གླེང་བྱས་སོང་ལ། དེ་རིགས་ལ་ཕྱི་དྲིལ་ལས་ཁུངས་ནས་ལམ་སྟོན་གནང་གལ་ཆེ་བ། བོད་རིགས་ཚོགས་པའི་གལ་གནད། དང་བླང་བོད་དོན་ཞུ་གཏུག་ལས་འགུལ་ཚན་པ་དེ་བོད་ཀྱི་ཛ་དྲག་གི་གནས་སྟངས་རྒྱལ་སྤྱིའི་ཐོག་ཞུ་གཏུག་བྱེད་མཁན་ཡིན་པ་མགཏོགས། ནང་ཁུལ་གྱི་གནད་དོན་དང་སྲིད་སྐྱོང་ལང་མཁན་སོགས་སྒེར་ལ་རྒྱབ་སྐྱོར་བྱེད་མཁན་མིན་པས་བེད་སྤྱོད་ལོག་པ་མི་གཏོང་བའི་ཆེད་ཐུགས་གཟབ་གནང་དགོས་པ། རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་རིགས་ཚོགས་པའི་གལ་གནད། བོད་རིགས་འབྲེལ་མཐུད་པ་རྣམས་སྲི་ཞུའི་ལས་བྱེད་ལྷག་བསམ་ཅན་རྣམས་བསྐོ་དགོས་པ་མ་གཏོགས། སྔ་ཕྱི་ཀུན་ཏུ་ཕྱོགས་ཁག་དང་ཆབ་སྲིད་ནང་འཛུལ་མཁན་དག་བསྐོས་ན་ལས་དོན་དང་ཆིག་བསྒྲིལ་བཅས་ལ་ཕན་ཐོགས་གང་ཡང་མེད་པའི་དགོངས་ཚུལ་དང་དོགས་འདྲི་ཕུལ་བར། ཕྱི་དྲིལ་བཀའ་བློན་གྱིས་ལན་འདེབས་དང་གསལ་བཤད་གནང་ནས། སུད་སི་དང་དབྱིན་ཡུལ། ཉི་ཧོང་། བལ་ཡུལ། རུ་སོག་དོན་གཅོད་ཁང་བཅས་ཀྱི་རྒྱུན་གྲོན་དང་དམིགས་བསལ། ཟུར་བཀོལ་བཅས་ཀྱི་སྔོན་རྩིས་སྤྱི་མོས་ཀྱིས་གཏན་འབེབས་གནང་ནས་ལས་ཉིན་ལྔ་པ་གྲོལ་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།