རུལ་སུངས་ལ་རྒོལ་བའི་རྒྱབ་མདུན།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༤༧ ཕྱི་ལོ་ ༢༠༡༥/༦/༡༧
རྒྱ་ནག་གི་སྲིད་འཛིན་དུ་ཞི་ཅིན་ཕེན་སླེབས་པ་ནས་བཟུང་སྟག་སྦྲང་མཉམ་གསོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་ཞེས་བརྗོད་པ་བཞིན། དོན་དངོས་ཐོག་ནས་ཀྱང་ལས་འགུལ་དེ་ཚ་རླབས་ཆེན་པོའི་ཐོག་ནས་སྤེལ་ཡོད་པ་དང་། གནད་དོན་དེ་སྤྱི་ཡོངས་ནས་རྒྱ་ནག་གི་གནད་དོན་ཞིག་ཡིན་པས་བོད་དོན་དང་ཐད་འབྲེལ་ཡོད་པ་ཞིག་དེ་ཙམ་མིན་ནའང། གནད་དོན་འདིའི་རྒྱབ་མདུན་གང་ས་ལ་བལྟས་ཡོང་དུས་རྒྱ་ནག་གི་ཆགས་འཇིག་དང་འབྲེལ་བ་ཡོད་པ་ཞིག་ཏུ་གྱུར་ཡོད་སྟབས། བོད་པའི་ངོས་ནས་གོ་སྐབས་དམ་འཛིན་གྱིས་དོ་སྣང་བྱེད་དགོས་པ་ཧ་ཅང་གལ་ཆེ། རྒྱ་དམར་དྲག་པོའི་གཞུང་གི་དཔོན་རིགས་ཚོའི་ངོས་ནས་བཤད་ན་ལྐོག་ཟ་རུལ་སུངས་མི་བྱེད་མཁན་ཞིག་ཕལ་ཆེར་མེད་ཚོད་དུ་སྣང་ལ། དེ་ཡང་རྒྱ་ཆུང་ཆུང་ཙམ་མིན་པ་ཉེ་བའི་ལོ་ཤས་ནང་གསལ་པོ་ཆགས་ཡོད་པ་རེད། བོད་པའི་ངོས་ནས་གནད་དོན་དེའི་ཐད་དོ་སྣང་བྱེད་ཡུལ་དུ་གྱུར་པ་གཙོ་ཆེ་ཤོས་ནི། འདི་ལ་བརྟེན་ནས་རྒྱ་ནག་གི་སྤྱི་ཚོགས་ཁྱོན་ཡོངས་དང་དམར་ཤོག་ཚོགས་པར་འགྱུར་བ་ག་རེ་འགྲོ་མིན་སྔོན་དཔག་བྱ་རྒྱུ་དེ་ཡིན།
ད་ལྟ་ཞི་དང་དེའི་རྗེས་འབྲངས་པ་དག་གིས་རྒོལ་རྡུང་སྤྲོད་ཡུལ་ནི་ཕལ་ཆེ་བ་ཁ་གཏད་ཤོག་ཁག་གི་མི་སྣ་འབའ་ཞིག་ཡིན་པ་ལས། ཞི་ཡི་ཤོག་ཁག་གི་མི་སྣ་ལ་ཞིབ་འཇུག་བྱས་པའི་ལོ་རྒྱུས་ད་དུང་ཕལ་ཆེར་མེད་པ་དེའི་ཐོག་ནས་བལྟས་ན། མ་འོངས་པར་དེ་ལ་བརྟེན་ནས་རྒྱ་ནག་ནང་ཡོ་འཁྱོམས་ཆེན་པོ་ཞིག་ཡོང་སྲིད་པ་རེད། ད་བར་ཞི་སྲིད་གཞུང་གིས་མགོ་རྡུང་སྤྲད་པའི་ནང་ནས་པོ་ཞི་ལེ་དང། ཞུའུ་ཚེ་ཧའུ། ལིན་ཅན་ཧྭ། ཀྲོའུ་ཡུང་ཁང་སོགས་ཆབ་སྲིད་ཀྱི་ཐོག་ནས་ཤུགས་རྐྱེན་ཆེན་པོ་ཡོད་པ་དང། དབུས་དང་ས་གནས་གང་སར་འབྲེལ་བ་དམ་ཟབ་ཡོད་པའི་མི་སྣ་འབའ་ཞིག་ཡིན་པ་མ་ཟད། ཤུགས་རྐྱེན་ཡང་ཆེན་པོ་ཡོད་པའི་མི་སྣ་འབའ་ཞིག་ཏུ་གྱུར་ཡོད། དེ་དག་གི་ནང་ནས་གཙོ་ཆེ་ཤོས་ཅང་ཙེ་མིན་ཤོག་ཁག་ཡིན་པ་དང། ཉེ་ཆར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་ཀྲོའུ་ཡུང་ཁང་ལ་མཚོན་ན་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་དང་གཉེན་ཚན་གྱི་འབྲེལ་བ་ཉེ་པོ་ཡོད་པ་ཞིག་ཡིན་འདུག དེའི་ཤོག་ཁག་གི་ངོས་ནས་མ་འོངས་པར་ཞི་ཅིན་ཕེན་ལ་བར་ཆད་ཆེན་པོ་བཟོ་མི་སྲིད་པའང་གཏན་ནས་མ་རེད།
དཔེར་ན་སྐབས་སྔོན་མའི་སྲིད་བློན་ཝིན་ཅ་པའོ་ཡང་ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཆེན་པོ་ཡོད་རབས་ཨ་རི་ནས་གསར་ལམ་དུ་ཁྱབ་ཡོད་ཀྱང། ཞི་ཡིས་དེའི་ཐོག་ལ་ལག་པ་འཆང་བའི་ལོ་རྒྱུས་མེད་པ་མ་ཟད། རྒྱ་ནག་ནང་དུ་གསར་འགྱུར་དེ་བཀག་སྡོམ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད། དེར་བརྟེན་ཞི་ཡི་སྙིང་སྟོབས་ཆེན་པོས་དཔོན་རིགས་རུལ་སུངས་ཅན་དག་ལ་རྒོལ་རྡུང་སྤྲད་པ་དེ་གཙོ་བོ་ཆབ་སྲིད་ཀྱི་དབང་ཆའི་འཐབ་རྩོད་དང། ཁ་གཏད་ཀྱི་དཔུང་ཁག་རྩ་མེད་བཟོ་ཐབས་སུ་ལྐོག་ཟ་རུལ་སུངས་དང་ཁྲིམས་ཀྱི་དྲ་རྒྱ་དེ་ཉིད་བེད་སྤྱོད་བྱས་པ་ཞིག་ཏུ་གྱུར་འདུག ཞི་ཡི་ད་ལྟའི་ནུས་པ་དང་དབང་ཤུགས་དེ་སྔོན་མའི་དུས་ཀྱི་མའོ་ཙེ་ཏུང་དང། ཏིང་ཞའོ་ཕིན་གཉིས་དང་མཉམ་ཚུལ་བརྗོད་དགོས་པ་ཞིག་བཟོ་ཐུབ་པ་དེ་ཕྱོགས་གཅིག་ནས་འཇོན་ཐང་འབའ་ཞིག་ཏུ་ངོས་འཛིན་བྱེད་ཆོག ད་ལྟའི་ཆར་ཁ་གཏད་དཔུང་ཁག་གི་སྟོབས་ཤུགས་ཉམས་གུད་དུ་འགྲོ་བཞིན་ཡོད་ཀྱང། གོ་སྐབས་ཤིག་བྱུང་ན་ཞི་ཅིན་ཕེན་གྱི་སྲོག་ལ་རྒོལ་མཁན་གྱི་མི་སྣ་ཡང་ཡོང་ངེས་པ་རེད།
མ་འོངས་པར་སྟག་རྒན་གཉིས་ལ་རྒོལ་རྡུང་སྤྲོད་སྲིད་པར་ཚོད་དཔག་བྱེད་ཡུལ་གཅིག་ནི་ཅང་ཙེ་མིན་དང། ཁོ་སྲིད་འཛིན་ཡིན་པའི་སྐབས་ཀྱི་སྲིད་བློན་ལིས་ཕེན་གཉིས་ཡིན་འདུག དེ་དག་དང་འབྲེལ་བའི་ཐོག་ནས་མ་འོངས་པར་རྒྱ་ནག་དམར་ཤོག་ཚོགས་པ་དེ་ཉིད་དབང་ཆའི་འཐབ་རྩོད་ཀྱི་ཐོག་ནས་ཁ་འཐོར་དགུ་འཐོར་དུ་འགྱུར་མི་སྲིད་པ་གཏན་ནས་མིན་པ་མ་ཟད། དེ་ཡང་དུས་ཚོད་རིང་པོ་སྒུག་མི་དགོས་པར་ཡོང་སྲིད་པའི་རྒྱུ་རྐྱེན་མང་པོ་མིག་མདུན་དུ་ཡོད་པ་རེད། སྐབས་དེ་དུས་བོད་པའི་ངོས་ནས་ད་དུང་མུ་མཐུད་མི་རིགས་ས་གནས་རང་སྐྱོང་ཞིག་དགོས་ཞེས་ཨམ་གཙིགས་བསྡམས་ནས་སྡོད་རྒྱུ་ཡིན་ནམ། ཡང་ན་འཐོབ་སྲིད་པའི་གོ་སྐབས་དེ་ལྟ་བུ་ལ་གཞིགས་པའི་འཆར་གཞི་འདྲ་མིན་སྣ་ཚོགས་སྔོན་ཚུད་ནས་གྲ་སྒྲིག་དགོས་པ་དེ་གལ་ཆེན་པོར་གྱུར་མེད་དམ། རང་བཙན་སྤྲོད་མི་སྲིད་པར་ཚོད་དཔག་བྱེད་མཁན་དང་ལུང་བསྟན་གནང་མཁན་མང་པོ་ཡོད་ཀྱང། རྒྱ་གཞུང་གིས་སྙིང་རྗེའམ་གུ་ཡངས་བྱས་ནས་ལམ་དབུ་མ་སྤྲོད་མི་སྲིད་པ་དེ་ཡང་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་རེད།
མདོར་ན་བོད་པའི་ངོས་ནས་མུ་མཐུད་དུ་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཞིར་བཟུང་སྤྲད་ན་འགྲིག་པའི་ལངས་ཕྱོགས་མཁྲེགས་འཛིན་བྱས་ཡོད་ཀྱང། རྒྱ་ནག་གི་མི་རིགས་དང་འབྲེལ་བའི་དཔོན་རིགས་ཤིག་གི་ངོས་ནས་མི་རིགས་ཀྱི་ཁྲིམས་ལུགས་གཏན་འབེབས་བྱས་ཡོད་པ་དེ་དག་ཕྱིར་འཐེན་བྱེད་དགོས་པའི་བསམ་ཚུལ་ཡོངས་ཁྱབ་ཀྱིས་བཤད་ཡོད་པས། གལ་སྲིད་དེ་ལྟར་བྱས་སོང་ན་མ་འོངས་པར་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་ལག་བསྟར་བྱས་ན་འགྲིག་པའི་སྲིད་བྱུས་དེར་ཡང་གཞི་རྩ་དང་མཛུབ་མོ་འཛུགས་ས་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས་པར་བརྟེན་ཆབ་སྲིད་ཀྱི་ཐོག་སྤྱང་གྲུང་འཛོམས་དགོས་ཤིང། ཆོས་ལུགས་ཀྱི་ཐོག་ནས་ཁ་ཞེ་གཉིས་མེད་དགོས་པའི་བྱེད་སྟངས་འདི་དག་གོ་ལྡོག་ཏུ་གཏན་ནས་འགྲོ་མི་རུང་བ་དེ་གནད་འགག་ཆེ་ཤོས་སུ་གྱུར་ཡོད། བཙན་བྱོལ་ནང་དགྲ་ལ་མཐུན་སྒྲིལ་བཤད། ནང་ལ་གཏོར་བཤིག་གཏོང་བའི་བྱེད་སྟངས་འདི་དག་ནི་སེམས་སྐྱོ་དགོས་པ་ཞིག་ཏུ་གྱུར་འདུག།