རེ་བ་དང་ལག་ལེན་གྱི་བར་ཐག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༢༦ ཕྱི་ལོ་ ༢༠༢༠/༡༡/༠༤

བོད་མི་མང་ཆེ་བས་ཉིན་ལྟར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་སོགས་མཁའ་ཁྱབ་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པ་དང་། སྦྱོར་དངོས་རྗེས་གསུམ་གྱི་ཐོག་ནས་སེམས་བསྐྱེད་མ་ཤེས་ཀྱང་རྗེས་མཐུན་ནམ་རྗེས་ཟློས་ཀྱི་ཐོག་ནས་དེ་ལྟ་བུའི་སྟངས་ཀ་བྱེད་མཁན་ནི་མང་པོ་ཡོད། སྤྱི་ཡོངས་ནས་བསམ་ཚུལ་དེ་ཧ་ཅང་ཡག་པོ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་གྱི་སྤྱི་ཚོགས་ཤིག་ལ་མཚོན་ན་དེ་བས་ཀྱང་བསམ་བློ་དེ་ནི་ཧ་ཅང་གལ་ཆེན་པོ་ཡིན་ནའང་། འཛམ་གླིང་གོ་ལ་ཧྲིལ་པོའི་ཁྱོན་འདིར་དཔུང་པ་མཉམ་གཤིབས་ཀྱིས་མི་སྡེའི་སྤྱི་ཚོགས་སུ་འཚོལ་བ་སྐྱེལ་དགོས་པའི་ཆ་ནས་བཤད་ན་བསམ་བློ་དེ་ནི་ཁ་གཡང་ཙམ་ལས་ལག་ལེན་དུ་འཁེལ་ཐུབ་པ་ཞིག་གཏན་ནས་མིན། འདས་པའི་ལོ་རྒྱུས་ཀྱི་ཆ་ནས་ཀྱང་སྟོན་པ་སངས་རྒྱས་ཀྱིས་གཙོས་སྐྱེས་བུ་དམ་པ་མང་པོས་འཁོར་བ་སྤངས་ནས་དམ་པའི་ཆོས་ཉམས་བཞེས་གནང་དགོས་པའི་ལམ་སྟོན་དང་དཔེ་མཚོན་དངོས་སུ་བསྟན་ཡོད།

ད་ལྟ་འཛམ་གླིང་ཧྲིལ་པོ་འགྲན་རྩོད་ཀྱི་ནང་དུ་གནས་པ་དང་། བོད་ལ་མཚོན་ནའང་རང་མགོ་མ་ཐོན་པར་རྒྱ་དམར་གཞུང་གི་བཙན་གནོན་འོག་རང་དབང་མེད་པའི་དུས་ཚོད་ཉག་ཕྲ་ཞིག་ཏུ་གྱུར་ཡོད། དཔེར་ན་བོད་ཕྱི་ནང་གཉིས་ནས་ནང་མི་ཕན་ཚུན་འཚོ་བའི་མཐུན་རྐྱེན་ཆེད་དཔལ་འབྱོར་གྱི་རོགས་རམ་ཅུང་ཙམ་རེ་བྱས་པ་ལ་བརྟེན། སྲོག་ཤོར་བའི་གནས་ཚུལ་ཡོང་གི་ཡོད་པ་དཔེར་ན་ཉེ་ཆར་ཁམས་འབྲི་རུ་ནས་ལྷ་མོ་ཞེས་པའི་བུད་མེད་ཅིག་གིས་རྒྱ་གར་ནང་ཡོད་པའི་རང་གི་སྤུན་མཆེད་ལ་དངུལ་བསྐུར་བའི་གནས་ཚུལ་ལ་བརྟེན་རྒྱ་གཞུང་གིས་ཁོང་གི་སྲོག་འཕྲོགས་ཡོད། ད་དུང་ཕྱོགས་མང་པོ་ཞིག་ནས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་དང་། གཅིག་ཕན་གཅིག་གྲོགས་ཀྱི་གོ་སྐབས་མང་པོ་ཞིག་ལ་དོ་ཕོག་འགྲོ་བཞིན་ཡོད་ལ། ཐ་ན་ཕན་ཚུན་ཁ་པར་དང་དྲ་ལམ་ནས་འབྲེལ་བ་བྱེད་པར་ཡང་འགལ་རྐྱེན་མང་དག་ཅིག་འཕྲད་བཞིན་ཡོད། དེ་ལྟ་བུའི་གནས་སྟངས་ཤིག་ཏུ་ཡོད་པའི་བོད་པ་ལ་མཚོན་ན་འཛམ་གླིང་མི་མང་ལ་སེམས་ཁྲལ་བྱེད་པའི་ནུས་པ་དང་གོ་སྐབས་གཉིས་ཀ་ཆེན་པོ་ཞིག་མེད་སྙམ།

ད་ལྟའི་ཆར་འཛམ་གླིང་གི་གླེང་གཞི་ཆེ་ཤོས་ཨ་རིའི་སྲིད་འཛིན་འོས་འགྲན་དང་འབྲེལ་བོད་པ་ཁག་ཅིག་གིས་བསམ་ཚུལ་ཤོད་བཞིན་པ་ཐོས་སོང་ལ། དེ་ཡང་འཛམ་གླིང་སྤྱི་དང་བྱེ་བྲག་ཨ་རིའི་སྲིད་འཛིན་གྱི་བཟང་སྤྱོད་སོགས་དང་འབྲེལ་བའི་ཐོག་ནས་བསམ་ཚུལ་ཤུགས་ཆེ་གླེང་མཁན་འདུག དགོངས་ཚུལ་དེ་ལྟ་བུ་ནི་བསམ་བློའི་འཁོར་རྒྱ་ཧ་ཅང་ཆེན་པོ་ཡིན་པའི་རྣམ་པ་གསལ་པོ་ཡིན་ཡང་། བསམ་ཚུལ་དེ་ལྟ་བུ་ཤོད་པ་དང་། ཚོར་སྣང་དེ་ལྟ་བུ་སླེབས་ཐུབ་པ་ཙམ་གྱིས་དོན་དངོས་སུ་བོད་པའི་གནས་སྟངས་ལས་གནད་དོན་གཞན་དག་ལ་བསམ་བློ་མང་པོ་གཏོང་གི་ཡོད་པ་དང་། སེམས་ཁུར་མང་བ་བྱེད་ཀྱི་ཡོད་པ་དེ་གསལ་པོ་རེད་སྙམ། སྤྱིར་ཨ་རི་སོགས་སྟོབས་ཆེན་རྒྱབ་ཁབ་སུའི་ཆབ་འབངས་ཡིན་ཡང་དོན་དུ་རང་ཡུལ་དང་རང་དབང་ཡོངས་སུ་ཤོར་བའི་མི་ཞིག་ཡིན་པའི་ངོས་ནས། ཨང་དང་པོ་བོད་དོན་དང་། དེའི་རྗེས་སུ་གནད་དོན་གཞན་དག་ལ་བསམ་བློ་གཏོང་དགོས་པ་ཞིག་རེད། འོན་ཀྱང་དེ་ནི་གོ་རིམ་ཙམ་ཡིན་པ་ལས་སུ་གཅིག་གིས་གཞན་གྱི་རང་དབང་ལ་འགོག་རྐྱེན་སྤྲོད་མི་ཆོག

བོད་པའི་སྤྱི་ཚོགས་ནང་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་ཁུར་ཞེས་པ་ལྟ་བུ་༧གོང་ས་མཆོག་གི་རླབས་ཆེ་བའི་དགོངས་གཞི་དག་ཁ་ནས་རྒྱུན་ཆད་མེད་པར་སྐྱོར་མཁན་ཡོད་ཀྱང་། སྲིད་སྐྱོང་གི་འོས་བསྡུ་ལྟ་བུའི་སྐབས་འཇིག་རྟེན་སྤྱི་ཡོངས་བརྗོད་མཁན་དག་གིས། རང་གི་གྲོགས་པོ་དང་ཕ་ཡུལ་གཅིག་པའི་རྒྱབ་ཏུ་ལངས་ནས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་བཞིན་པའི་སྣང་ཚུལ་འདི་མཐོང་ཚེ་ཁ་བཤད་དང་ལག་ལེན་ནམ། རེ་བ་དང་ལག་ལེན་གཉིས་ཀྱི་བར་ན་སྟོང་ཆ་ཧ་ཅང་ཆེན་པོ་ཞིག་ཡོད་ཅེས་བརྗོད་ཀྱང་ཆོག གནས་སྟངས་འདིའི་ཐོག་ནས་བལྟས་ན་བོད་པ་ནི་གནའ་ནས་ད་བར་ཁ་གཡང་དང་རེ་བ་སྟོང་པའི་ནང་ནས་འཚོ་བ་སྐྱེལ་ཞིང་། ཁ་གཡང་དང་རེ་བ་སྟོང་པའི་ནང་ནས་ར་བཟི་བའི་སྤྱི་ཚོགས་ཤིག་རེད་ཅེས་བརྗོད་ཀྱང་དོན་དངོས་མ་རེད་ཅེས་བརྗོད་དཀའ་བ་ཞིག་ཏུ་གྱུར་འདུག ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ་ཁ་གཡང་འདྲ་མིན་སྣ་ཚོགས་དར་ཁྱབ་བྱུང་ཡོད་ཀྱང་། བོད་པའི་གནས་སྟངས་དངོས་དེ་བརྗེད་ནས་ཁ་གཡང་དེ་དག་གི་རྗེས་སུ་འབྲངས་པ་ནི་འཇའ་ཚོན་གོས་སུ་རེ་བ་དང་གཅིག་མཚུངས་སུ་གྱུར་ཡོད།

མདོར་ན་བོད་པས་བོད་པ་ངོ་ཤེས་དགོས་པ་དང་། བོད་ཀྱི་གནས་སྟངས་ཆ་ཚང་བ་ཤེས་ཟིན་རྗེས་གཞི་ནས་བསམ་བློ་རྒྱ་ཆེན་པོ་དེ་ཚོ་གཏོང་ཐུབ་ན་རབ་དང་ཕུལ་དུ་གྱུར་པ་ཞིག་ཡིན་པ་ལས། བོད་ཀྱི་གནད་དོན་ཧ་ཅང་རྗེས་ལུས་དང་ཐབས་སྡུག་གི་གནས་སུ་གྱུར་ཡོད་པ་དེ་སྐྱོབ་ཐུབ་པའི་ཐབས་ཤེས་དང་བསམ་བློ་གཏོང་མ་ཐུབ་པར། དེ་ལས་ཀྱང་རྒྱ་ཆེ་བ་ཞིག་རང་ཉིད་ཀྱིས་ནུས་པས་གཏན་ནས་མི་འདེང་བའི་རེ་བ་སྟོང་པ་ཞིག་ལ་བསམ་བློ་བཏང་བ་དང་། ཚོར་སྣང་ཇི་ལྟར་བརྗོད་ཀྱང་དེ་ནི་ཁ་གཡང་ཙམ་ལས་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་དང་ཁོར་ཡུག་གཉིས་ཀ་མེད། ཡང་ན་རང་ཉིད་རྒྱལ་ཁབ་གཞན་གྱི་ཆབ་འབངས་ཤིག་ཏུ་གྱུར་ཟིན་པའི་རྗེས་སུ་རང་ཉིད་བོད་པ་ཡིན་པ་དེ་ཡང་གཏན་བརྗེད་དུ་འགྱུར་ཐུབ་པ་ཞིག་ཡིན་ན། བོད་དོན་དང་འབྲེལ་བ་གཏན་ནས་མེད་ཅིང་རྒྱ་ཆེ་བའི་བསམ་ཚུལ་དག་ལ་བསམ་བློ་གཏོང་བ་དང་། ཚོར་སྣང་བརྗོད་པ་དེ་འོས་འཚམ་ཡིན་སྲིད་ནའང་། བོད་པ་ཞིག་ཡིན་པའི་ཆ་ནས་ཤ་ཁྲག་རུས་གསུམ་བོད་པ་ཡིན་པ་དེ་འགྲོ་སོང་བཏང་ནས་བརྗེ་ཐུབ་པ་ཞིག་མ་རེད།།