རེ་སྒུག་ཙམ་གྱིས་མི་ཡོང་བའི་བོད་དོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༤༣  ཕྱི་ལོ་ ༢༠༡༥/༥/༢༠
བོད་ལ་རྒྱ་དམར་གཞུང་གིས་བཙན་གནོན་བྱས་པ་ནས་ད་བར་བོད་པའི་ངོས་ནས་ངོ་རྒོལ་གྱི་སྐད་སྒྲ་འཇགས་མ་མྱོང་ལ། རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་སྒྲུབ་དང། རྒྱ་ནག་གཞུང་ལ་མེས་ཚིག་མེར་གཏུག་གི་དཔེ་བཞིན་ཐབས་ཤེས་ལུ་གུ་རྒྱུད་དུ་སྤེལ་ཡོད་ནའང་། ད་བར་བཟང་ཕྱོགས་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་ཐུབ་མེད། གནད་དོན་གཅིག་རང་གི་ཐོག་ནས་བཤད་ན། ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༧ ཉིན་རྒྱ་དམར་གཞུང་གིས་ཁོང་གི་ཕ་མ་ནང་མི་དང་བཅས་པ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་དེ་མི་ལོ་ཧྲིལ་པོ་༢༠ འཁོར་ཟིན་པ་དང། དེའི་རིང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་རྒྱལ་ཕྱི་ནང་གང་སར་ལས་འགུལ་ཆད་མེད་དུ་སྤེལ་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ནས་ཀྱང་དེ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་མང་པོ་ཞིག་བསྟན་ཡོད་ནའང། ད་ལྟའི་ཆར་ཁོང་བཙོན་གྲོལ་ཐོབ་ཐུབ་མེད་པ་དང། གནས་གང་དུ་བཞུགས་ཡོད་མེད་དང་གནས་སྟངས་ག་འདྲ་ཡོད་མེད། ཐ་ན་སྐུ་འདས་གསོན་གྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཐུབ་མེད།
    
གནད་དོན་འདི་དང་གནས་སྟངས་འདི་ཁོ་ནའི་ཐོག་ནས་བལྟས་ཀྱང་རྒྱ་ནག་གཞུང་གི་མཁྲེགས་འཛིན་དང་གདུག་རྩུབ་ཀྱི་རང་བཞིན་དེ་གསལ་པོ་རྟོགས་ཐུབ། རིན་པོ་ཆེ་སྐུ་སྒེར་གཅིག་པུའི་གནད་དོན་ཐག་གཅོད་བྱེད་དཀའ་བའི་གནས་ཚུལ་འདི་ལ་བསམ་བློ་བཏང་ན། སྤྱི་ཡོངས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐོག་ནས་ནུས་པ་ཆེན་པོ་ཞིག་འདོན་ཐུབ་མིན་དེ་ཡང་དྲི་རྟགས་ཆེན་པོ་ཞིག་ཏུ་གྱུར་ཡོད། ཕྱོགས་གཅིག་ནས་བོད་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་དང། འཐབ་རྩོད་ཀྱི་རང་བཞིན་ལ་ནུས་པ་ཆེན་པོ་མེད་པའི་རྣམ་པ་གསལ་པོར་གྱུར་པ་འདི་ལའང་ང་ཚོས་ངོས་འཛིན་མི་བྱེད་ཀ་མེད་དུ་གྱུར་ཡོད། བོད་དོན་ལ་རྒྱལ་སྤྱིའི་ཐོག་ནས་དོ་སྣང་དེ་ཙམ་མེད་པ་དང། ལྷག་པར་དྲག་པོའི་ཐོག་ནས་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་སྒྲིག་འཛུགས་ཁག་ལ་དོ་སྣང་རྒྱབ་སྐྱོར་བྱེད་སྟངས་ཀྱི་ཐོག་ནས་བལྟས་ན། རྒྱལ་སྤྱིའི་མིག་ནང་དུ་བོད་དོན་ནི་དེ་ཙམ་གྱི་ཛ་དྲག་ཅིག་དང། གནད་འགག་ཅན་ཞིག་ཏུ་སྒྱུར་ཐུབ་ཡོད་མེད་ཀྱང་ཐེ་ཚོམ་དུ་གྱུར་འདུག

འདས་པའི་ལོ་ཤས་ནས་བཟུང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འཐབ་རྩོད་ཀྱི་ལངས་ཕྱོགས་མི་འདྲ་བར་བརྟེན། ནང་ཁུལ་ཁ་གཏད་གཅོག་རྒྱུ་ཙམ་ལས་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་རྣམ་པ་ནི་སྔོན་མ་དང་བསྡུར་མ་ཧ་ཅང་ཉམས་ཞན་དུ་གྱུར་ཡོད། དེའི་ཐོག་ནས་བཙན་བྱོལ་བོད་མིའི་ནུས་པ་ཁ་འཐོར་དུ་འགྲོ་བའི་རྒྱུ་རྐྱེན་ཉག་གཅིག་ཏུ་གྱུར་ཡོད་པ་མ་ཟད། དོན་མེད་ནང་ཁུལ་གྱི་རྩོད་གླེང་དེའི་ཐོག་ནས་བོད་མི་མང་པོ་ཞིག་འཐབ་རྩོད་དང་བོད་ཀྱི་གནད་དོན་དང་ཁ་ཐག་རིང་དུ་འགྲོ་བཞིན་ཡོད། ད་ལྟའི་ཆར་བོད་ནང་དུ་ཛ་དྲག་གནས་ཚུལ་རེ་བྱུང་བའི་སྐབས་མཆོད་འབུལ་སྨོན་ལམ་དང། བྱང་ཆུབ་སེམས་མཆོག་མ་དབྱངས་སུ་གྱེར་ནས་མར་མེའི་ཁྲོམ་སྐོར་ཙམ་རེ་བྱེད་པ་ལས། ནང་ཁུལ་དུ་དོགས་པ་རྣམ་རྟོག་དང་ཐེ་ཚོམ་མང་དྲགས་ཏེ་འཐབ་རྩོད་ཀྱི་ཐོག་ནས་ཁོར་ཡུག་རྒྱ་ཆུང་ནས་ཆུང་དུ་འགྲོ་བཞིན་ཡོད། ད་ལྟ་འཚར་ལོང་ཡོང་བཞིན་པའི་མི་རབས་གསར་པ་ཚོའི་ངོས་ནས་བཤད་ན་རྒྱལ་ཞེན་དང་སེམས་ཤུགས་སླེབས་ཐུབ་པའི་ཆ་རྐྱེན་དམིགས་བསལ་བ་གང་ཡང་མེད་པར་གྱུར་ཟིན།

མུ་མཐུད་གནས་སྟངས་འདི་ཉིད་ལ་ལོ་༢༠ ཙམ་གནས་པར་གྱུར་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་ན་གཞོན་རྣམས་ཕྱིའི་རྣམ་པ་ཙམ་ལས། བོད་པའི་སེམས་ཁུར་དང་ཤ་ཞེན་གང་ཐད་ནས་བོད་ཕྲུག་རྣལ་མ་ཞིག་སྐྱེད་སྲིང་བྱེད་ཐབས་དཀའ་ཞིང། རིམ་པས་རྒྱལ་ཁབ་དང་ཡུལ་ལུང་སོ་སོའི་ངོ་བོར་ཐིམ་འགྲོ་རྒྱུ་ལས་ལམ་ཁ་གཞན་མེད། ད་ལྟ་བྱང་ཆུབ་སེམས་མཆོག་མའི་གདངས་དབྱངས་གཉོམ་པོ་དེ་ཆོས་ཕྱོགས་ནས་གཞལ་དུ་མེད་པའི་རིན་ཐང་ཅན་ཞིག་ཡིན་ནའང། ཆབ་སྲིད་དང་ལྷག་པར་དུ་འཐབ་རྩོད་ཀྱི་ལས་འགུལ་ནང་བེད་སྤྱོད་བཏང་བའི་སྐབས་སུ་ནུས་པ་གང་ཡང་མེད་པའི་ཁ་གཡང་ཙམ་དུ་འགྱུར་ཉེན་ཡོད། དེང་སྐབས་མར་མེའི་ཁྲོམ་སྐོར་ཙམ་དུ་ཡོང་མཁན་གྱི་བོད་པའང་ཉུང་དུ་འགྲོ་བཞིན་ཡོད་པ་དང། དེའི་རྒྱུ་རྐྱེན་ནི་མི་མང་འགོ་ཁྲིད་སྟངས་ཀྱི་ཐོག་ནས་བྱུང་ཞིང། མི་རབས་གསར་པ་ནི་སྣམ་བུ་དཀར་པོ་ཞིག་དང་འདྲ་པར་ཚོན་མདོག་གང་དུ་བསྒྱུར་ཡང་བསྒྱུར་ཆོག་ཆོག་ཡིན་པས། ད་ནས་བཟུང་མི་རབས་གསར་པ་དང་བོད་དོན་འཐབ་རྩོད་གཉིས་རིམ་བཞིན་བར་ཐག་རིང་དུ་འགྲོ་རྒྱུའི་ཉེན་ཁའང་ཆེན་པོ་ཡོད།

མཐའ་དོན་ང་རང་ཚོའི་སྤྱི་ཚོགས་ནང་ལྷགས་བཞིན་པའི་དཀའ་ངལ་ལ་རྒྱུས་ལོན་དང་སྟངས་འཛིན་བྱེད་མ་ཐུབ་པར། དཀར་ཕྱོགས་དང་ནག་ཕྱོགས་ཀྱི་ལྟ་ཚུལ་བཟུང་ནས་དབྱེ་འབྱེད་བྱེད་རྒྱུ་མང་དྲགས་ན། གྱོང་དེ་བོད་སྤྱི་པ་ཁོ་ནར་རག་རྒྱུ་ཡིན་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་སྤྱི་ཚོགས་ནང་གི་ནད་རྟགས་ཙམ་ལ་མཛུབ་མོ་འཛུགས་པ་ལས། ན་ཚ་དེའི་འབྱུང་རྐྱེན་ངོ་མ་གང་ལ་ཐུག་ཡོད་མེད་རྩད་གཅོད་ཀྱིས་སྨན་བཅོས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། རྒྱ་གཞུང་གི་ངོས་ནས་བོད་དོན་ཐག་གཅོད་བྱེད་ཕྱོགས་ལ་གུ་ཡངས་བྱེད་འདོད་གཏན་ནས་མེད་པ་ཉེ་ཆར་བཀྲམ་པའི་རྒྱབ་ཤ་དཀར་པོ་ཟེར་བར་གསལ་བ་དང། ང་ཚོ་ནང་ཁུལ་དུ་རྩོད་གཞི་གླ་མགོ་ཙམ་མེད་པ་ལ། རྩོད་པ་གླ་སྤུ་ཙམ་དགོས་དོན་གཏན་ནས་མེད། དེ་ལྟར་མུ་མཐུད་སོང་ནས་རྒྱ་གཞུང་དང་འབྲེལ་བ་མཐུད་མ་ཐུབ་པ་དང། བོད་པའི་འཐབ་རྩོད་ཀྱི་ནུས་པ་ཁ་འཐོར་དུ་གྱུར་ནས། རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར་ཟེར་བའི་དཔེ་དང་གཅིག་མཚུངས་ཡིན་པས། བོད་དོན་འཐབ་རྩོད་དེ་རེ་སྒུག་ཙམ་ལ་བརྟེན་ནས་ཡོང་ཐུབ་པ་ཞིག་གཏན་ནས་མིན།།