རོགས་པ་ཚོགས་པའི་ལས་དོན་ཁག་གིས་སྤྱི་ཚོགས་ལ་རམ་འདེགས་བྱེད་བཞིན་པ།
དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རོགས་པ་ཡིས། ཚོགས་པའི་འགྲོ་གྲོན་བརྒྱ་ཆ་༨༠ རང་ཁ་རང་གསོའི་ཐོག་ནས་འདོན་གྱི་ཡོད་པ་དང་། རིན་མེད་ཀྱི་བུ་གཅོལ་ཁང་དང་། བྱིས་སྒྲུང་འདོན་སྤེལ། བྱིས་པའི་དཔེ་མཛོད་ལས་འཆར། ཚེམ་ཁང་། ཇ་ཁང་དང་ཚོང་ཁང་སོགས་ཀྱི་ལས་ཀ་ལ་གཉེར་ནས་བྱིས་པའི་ཀློག་རྩལ་ལ་ལེགས་སྐྱེས་དང་། བོད་པ་ཁག་ཅིག་ལ་འཚོ་བ་རྟེན་སའི་མཐུན་རྐྱེན་སྦྱོར་བཞིན་འདུག

དེ་ཡང་ཟླ་འདིའི་ཚེས་༢༥ ཉིན་རོགས་པ་ཚོགས་པས་དེ་སྔོན་ཕྱི་ལོ་༢༠༡༦ ལོར་བཙན་བྱོལ་ནང་བྱིས་སྒྲུང་བོད་མི་རང་གིས་བྲིས་ནས་དེབ་པར་སྐྲུན་བྱེད་པ་དང་། སྒྲུང་རྩོམ་མཁན་ཚོར་སྡིངས་ཆ་སྤྲོད་ཆེད། ཐེངས་དང་པོར་བྱིས་སྒྲུང་འགྲན་སྡུར་བྱས་པའི་ཁྲོད། ཨང་རིམ་སོན་པ་རྣམས་ལ་ལག་ཁྱེར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་སྟབས་བདེ་ཞིག་འཚོགས་སོང་ལ། སྐབས་དེར་གསར་འགོད་པས་རོགས་པ་ཚོགས་པའི་འགན་འཛིན་བསྟན་འཛིན་འཇམ་དབྱངས་ལ་ཁོང་ཚོས་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱས་པ་ཡིན།
ཁོང་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ཐེངས་འདིར་བྱིས་སྒྲུང་འབྲི་རྩོམ་གྱི་འགྲན་སྡུར་བྱེད་དགོས་དོན་གཙོ་བོ་ནི། བོད་མི་རང་ཉིད་ཀྱིས་བྲིས་པའི་བྱིས་སྒྲུང་གི་དེབ་འདོན་རྒྱུ་དང་། དེ་བཞིན་བྱིས་སྒྲུང་གི་རྩོམ་པ་པོ་དང་རི་མོ་བ་སོགས་ལ་སྡིངས་ཆ་ཞིག་བསྐྲུན་ཆེད་ཡིན་སྐོར་དང་། ཐེངས་འདིའི་འགྲན་སྡུར་ལ་སྒྲུང་རྩོམ་༣༨ འབྱོར་བ་དང་། དེ་དག་བཙན་བྱོལ་ནང་གི་བྱིས་སྒྲུང་ཐོག་ལ་ཤེས་རྒྱ་ཡོད་མཁན་ཁག་ཅིག་ལ་ཟུར་དཔང་བྱེད་དུ་བཅུག་ནས།འདེམས་ཐོན་གྱི་ཨང་རིམ་རྩེར་སོན་བྱིས་སྒྲུང་གསུམ་པར་སྐྲུན་བྱེད་འཆར་ཡོད་འདུག དེ་བཞིན་འདས་པའི་ལོ་ཟླའི་ནང་། ཚོགས་པ་དེ་ཉིད་ཀྱིས་བོད་ཡིག་གི་བྱིས་སྒྲུང་དང་དཔེ་དེབ་ཁག་ལྔ་པར་སྐྲུན་བྱས་ཟིན་པ་དང་། པར་སྐྲུན་བྱས་པའི་ཁ་གྲངས་ལས་བརྒྱ་ཆ་༨༠ བོད་པའི་སློབ་གྲྭ་ཁག་ལ་རིན་མེད་ཐོག་འགྲེམས་སྤེལ་བྱས་ཡོད་འདུག བརྒྱ་ཆ་༢༠ ཞིག་རོགས་པའི་ཚོགས་པའི་ཚོང་ཁང་དང་ལྷོ་ཀོ་རི་ཡར་ཡོད་པའི་ཚོགས་པའི་ཚོང་ཁང་ནང་དུ་འཚོང་ཆེད་དུ་འཇོག་གི་ཡོད་འདུག དེ་བཞིན་བྱིས་སྒྲུང་གི་དེབ་སོགས་ཀྱི་ལས་གཞི་ལ་བཙན་བྱོལ་ནང་གི་རི་མོ་བ་རྣམས་ལ་ཚད་ལྡན་གྱི་གླ་ཆ་སྤྲད་ནས། ཁོ་ཚོར་སྡིངས་ཆ་སྤྲོད་ཀྱི་ཡོད་སྐོར་བརྗོད་སོང་།
ཚོགས་པ་དེས་དྷ་ས་ཁུལ་གྱི་སློབ་གྲྭ་ཁག་ཅིག་ལ་འགྲུལ་སྐྱོད་ཀྱི་དཔེ་མཛོད་ཁང་ཞིག་གོ་སྒྲིག་བྱས་ཡོད་པ་དང་། དེ་ཡང་ཟླ་རེར་དེབ་རྣམས་བརྗེ་པོ་བརྒྱབ་ནས་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་དེབ་ཀློག་གི་གོམས་གཤིས་ཡོང་བར་མཐུན་རྐྱེན་སྦྱོར་བཞིན་ཡོད་འདུག

དྷ་སར་བོད་མི་ཁྱིམ་ཚང་མང་པོ་ཞིག་རྒྱ་གར་གྱི་ཁང་པ་གླས་ནས་སྡོད་ཀྱི་ཡོད་ཁར། ཟུར་དུ་ཚོང་ལས་ཙག་ཙིག་གཉེར་ནས་དཔལ་འབྱོར་ཡོང་ཁུངས་ཞན་པོ་ཡོད་མཁན་མང་དག་ཅིག་ཡོད་པ་དང་བསྟུན། དེ་དག་ལ་ལས་ཀ་འགྲོ་སྐབས་རང་ཉིད་ཀྱི་ཕྲུ་གུ་རྣམས་མཉམ་དུ་འཁྲིད་རྒྱུར་སྟབས་མི་བདེ་བ་དང་ལས་ཀ་འཐུས་ཤོར་འགྲོ་བ་སོགས་ཡོང་གི་ཡོད་པས། ཕ་མ་དེ་དག་རིགས་ལ་རོགས་སྐྱོར་བྱེད་ཆེད་ཐོག་མར་ཁོང་དང་ཁོང་གི་བཟའ་ཟླས་བྱིས་པ་༦ ཉིན་མོའི་རིང་བདག་ཉར་བྱས་ཡོད་པ་དང་། དེ་ནས་རིམ་བཞིན་བྱིས་པ་ཟླ་བ་༨ ནས་ལོ་༣ བར་རྣམས་བདག་ཉར་བྱེད་ཡུལ་བུ་གཅོལ་ཁང་ཞིག་བཙུགས་འདུག དེ་གར་རིན་མེད་ཐོག་གི་བྱིས་པ་༤༥ ཡི་ཚད་གཞི་བཟུང་ཡོད་པ་དང་། ཕ་མ་རྣམས་ཀྱི་དཔལ་འབྱོར་མཐུན་རྐྱེན་ལ་ཞིབ་འཇུག་བྱས་ཏེ། ད་ལྟའི་ཆར་བྱིས་པ་༣༥ ལ་བུ་གཅོལ་ཁང་དེར་ཉར་བཞིན། ཉིན་གུང་ཁ་ལག་དང་ཤིང་ཏོག་སོགས་སྤྲོད་ཀྱི་འདུག་པ་དང་། དཔེ་མཛོད་ཁང་ཞིག་ཀྱང་འདུག བུ་གཅོལ་ཁང་དེར་བྱིས་པ་གསོ་སྐྱོང་གི་སྦྱོང་བརྡར་དང་ཉམས་མྱོང་ལྡན་པའི་བོད་མི་༧ གྱིས་བདུན་རེར་ཉིན་དྲུག་རིང་བྱིས་པ་རྣམས་ལ་ལྟ་སྐྱོང་དང་རྩེད་མོ་སོགས་གོ་སྒྲིག་བྱེད་ཀྱི་འདུག སྐབས་རེ་དེ་དག་དང་མཉམ་དུ་ཕྱི་རྒྱལ་དང་བླངས་པ་སྐོར་ཞིག་གིས་ཀྱང་ལས་ཀ་བྱེད་ཀྱི་ཡོད་པ་རེད། བུ་གཅོལ་ཁང་དེ་རིན་མེད་ཡིན་དུས། སྐབས་རེར་མེག་གྷན་དང་ཕྱི་རྒྱལ་ཁག་ཏུ་ཁྲོམ་འདུས་གོ་སྒྲིག་གིས། ཡོང་འབབ་གསོག་ཐབས་བྱེད་ཀྱི་ཡོད་འདུག

དེ་བཞིན་ཨ་མ་ཁེར་རྐྱང་དང་བུད་མེད་རྣམས་ལ་འཚོ་བའི་རྟེན་གཞི་སྐྲུན་ཆེད་ཚེམ་ཁང་ཞིག་འགོ་འཛུགས་ཀྱིས། དེ་གར་བུད་མེད་༤ ལ་ཚེམ་བཟོའི་ཟབ་སྦྱོང་དང་སྦྲགས་གླ་ཆ་སྤྲོད་ཀྱི་ཡོད་པ་དང་། ལོ་གཉིས་ཀྱི་རྗེས་ཚེམ་འཁོར་རིན་མེད་རེ་སྤྲད་ནས་རང་རང་གི་ནང་ལ་ཚེམ་ལས་སྤྲད་ནས། ལས་ཀ་ལ་གཞིགས་པས་གླ་ཆ་སྤྲོད་ཀྱི་ཡོད་འདུག ཁོང་གིས་བརྗོད་དོན་ལ་ཚེམ་ཁང་དང་བུད་མེད་དེ་དག་གིས་རང་ཁྱིམ་ནས་བཟོས་པའི་ཚོང་ཟོག་རྣམས། རོགས་པ་ཚོགས་པའི་ཚོང་ཁང་ཁག་ནང་བཙོང་གི་ཡོད་པ་དང་། ཚོང་ཟོག་རྣམས་ལ་དུས་རྟག་ཏུ་སྤུས་ཚད་ཀྱི་སྟངས་འཛིན་བྱེད་ཀྱི་ཡོད་འདུག
ཚོགས་པ་དེས་ད་ལྟའི་ཆར་ལས་བྱེད་༢༠ ལ་གླ་ཡོད་ཀྱི་ལས་ཀ་སྤྲོད་ཀྱི་ཡོད་ཁར། འགན་འཛིན་ཁོང་དང་ལྷོ་ཀོ་རི་ཡའི་བུད་མེད་ཨོ་ཡིས་དང་བླངས་ཐོག་ལས་ཀ་བྱེད་བཞིན་ཡོད་འདུག ཚོགས་པའི་འགྲོ་གྲོན་བརྒྱ་ཆ་༨༠ རང་ཉིད་ཀྱིས་འདོན་གྱི་ཡོད་པ་དང་། བརྒྱ་ཆ་༢༠ ཚོགས་པའི་གྲོགས་པོ་དང་རྒྱབ་སྐྱོར་བ་ཁག་གིས་རོགས་པ་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།