རོགས་རམ་ཞུ་སྤྲོད་མི་ཆོག་པ་གང་ཡང་མེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༩༩  ཕྱི་ལོ་ ༢༠༢༠/༠༤/༢༢

 

དེང་སྐབས་འཛམ་གླིང་གི་ས་ཕྱོགས་གང་སར་སྤྱི་ཚོགས་ཁྲོད་ཟས་གོས་སྡོད་གསུམ་སོགས་དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུ་དབུལ་ཕོངས་དང་ཉམ་ཐག་ཡོད་ངེས་པ་ཞིག་ཀྱང་རེད། ད་བར་དཀའ་ངལ་ཆེ་ཤོས་ཡོད་ཚུལ་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་ཁྱབ་བསྒྲགས་བྱས་པ་ལ་མཚོན་ན་གྲངས་གསུམ་བཞི་ཞིག་ལས་བྱུང་མ་སོང་ལ། དེ་དག་གི་ཆེད་དུ་རོགས་རམ་གནང་མཁན་ཡང་གང་འཚམ་ཞིག་བྱུང་ཡོད་པའི་གནས་ཚུལ་འདུག གཞན་གྱི་ལུང་པར་སྐྱབས་བཅོལ་བའི་མི་རིགས་ཤིག་ལ་མཚོན་ན་ད་ལྟའི་ཛ་དྲག་གནས་སྟངས་འདི་ལྟ་བུའི་འོག་ཏུ་དཀའ་ངལ་འཕྲད་མཁན་དེ་ཙམ་ལས་མེད་ན། ༧གོང་ས་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མི་མང་གི་དཀའ་ངལ་ཆེན་པོ་སེལ་ཐུབ་ཡོད་པ་དང་། བཙན་བྱོལ་བོད་མི་རང་ངོས་ནས་ཀྱང་རང་གི་རྐང་པའི་སྒང་དུ་རང་ཉིད་ལངས་ཐུབ་ཐབས་སུ་འབད་བརྩོན་ཆེན་པོ་བྱེད་ཐུབ་ཡོད་པའི་མངོན་རྟགས་ཉག་གཅིག་ཏུ་གྱུར་ཡོད།

 

སྤྱི་ཚོགས་དྲ་ལམ་ཁག་བརྒྱུད་ནས་གནས་ཚུལ་ཐོན་ཡོང་བའི་སྐབས་སུ་དེ་བེད་སྤྱོད་ལོག་པར་གཏོང་མཁན་ཡོད་ངེས་རེད་ལ། དེ་ཡང་ཧང་སང་དགོས་པའི་གནད་དོན་ཞིག་གང་ཡང་མ་རེད། གནད་དོན་དེ་ལྟ་བུ་དང་འབྲེལ་བའི་ཐོག་ཉེ་ཆར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད་ཅིག་གིས་དཀྲོག་གཏམ་གང་ཡིན་ཡང་ཐོག་མ་སྤེལ་མཁན་ནི་དཀྲོག་གཏམ་སྤེལ་ཡུལ་ལ་མི་དགའ་མཁན་ཞིག་ཡིན་ངེས་པ་དང་། དེ་ཁྱབ་སྤེལ་བྱེད་མཁན་ནི་མི་བྱབ་ཆུང་དག་རེད། དེ་ལ་ཡིད་ཆེས་བྱེད་མཁན་ནི་མི་གླེན་པ་ལེགས་ཉེས་བླང་དོར་མི་ཤེས་མཁན་དག་རེད་ཅེས། དབྱིན་ཇིའི་སྐད་ཐོག་ཏུ་ཡོད་པའི་གཏམ་དཔེ་ཞིག་ལུང་དྲངས་ནས་གསུངས་པ་དེ་དོན་དངོས་རེད། རྒྱ་དམར་གཞུང་གི་ངོས་ནས་གོ་སྐབས་དེ་འཇུས་ནས་དཀྲོག་གཏམ་སྤེལ་སོང་ལ། དོལ་ཚོགས་ཀྱི་ངོས་ནས་ཀྱང་དེ་མཚུངས་བཞིན་དཀྲོག་གཏམ་སྤེལ་སོང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ནས་བྱབ་ཆུང་མང་པོ་ཞིག་གིས་དེ་དག་བརྒྱུད་སྤེལ་བྱས་པ་དང་། གླེན་པ་ཁ་ཤས་ཤིག་གིས་དེ་ལ་ཡིད་ཆེས་ཀྱང་བྱེད་མི་སྲིད་པ་མ་རེད།

འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་ཡོད་པའི་བཙན་བྱོལ་བོད་མི་འབུམ་གཅིག་དང་ཕྱེད་ལྷག་ཙམ་ཡོད་པའི་ནང་ནས། དཀའ་ངལ་ཆེན་པོ་ཡོད་ཅེས་བརྗོད་མཁན་གྲངས་གསུམ་བཞི་ཙམ་ལས་བྱུང་མེད་ན་དེ་ནི་དགའ་འོས་པ་ཞིག་ཡིན་པ་ལས། ངོ་ཚ་དགོས་པ་ཞིག་གཏན་ནས་མ་རེད། ཁྱིམ་ཚང་བཞི་ལྔ་ཞིག་གི་དཀའ་ངལ་སེལ་རྒྱུར་དེ་ཙམ་དཀའ་ངལ་ཆེན་པོ་མིན་པས་གཞུང་དམངས་ཚང་མས་དེ་ལ་ཧ་ལས་མདོག་གང་ཡང་གནང་དགོས་དོན་མི་འདུག དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་སྐབས་སུ་དྲ་ལམ་བརྒྱུད་ནས་ཞལ་འདེབས་བསྡུ་བ་འདི་ཉིད་འོས་འཚམ་དང་སྟབས་བདེ་ཞིག་ཡིན་ནའང་། དེ་མཚུངས་བཞིན་མགོ་བདེ་དྲན་འཕྲུལ་དང་། རང་ཁེ་དོན་གཉེར་བྱེད་མཁན་རིགས་མ་འོངས་པར་ཡོང་མི་སྲིད་པ་མིན་པས། ས་གནས་དང་ཁུངས་གང་ནས་ཡིན་ཡང་འབྲེལ་ཡོད་སོ་སོའི་ས་གནས་མགོ་འཛིན་སོགས་ཀྱིས་རྒྱབ་གཉེར་བླངས་ཡོད་ན། རོགས་རམ་གནང་མཁན་དང་། རོགས་རམ་གནང་ཡུལ་ཚང་མ་ཕན་ཚུན་ཡིད་ཆེས་བྱེད་ཆོག་པ་སོགས་སྟབས་བདེ་པོ་ཡོང་རྒྱུར་ཕན་ཐོགས་ཡོད་ངེས་རེད།

 

སྤྱི་ཚོགས་ཤིག་གི་ནང་དུ་ཉམ་ཐག་ཡོད་ན་སློང་མོ་རྒྱག་མཁན་ཡོང་ངེས་ཡིན་པས། དེ་ནི་མི་འོས་པའི་གནད་དོན་ཞིག་གང་ཡང་མིན། དེ་བས་སྤྱི་ཚོགས་ཤིག་ཏུ་རྐུན་མ་ཇག་པ་དང་། མགོ་གཡོག་མགོ་སྐོར་གཏོང་མཁན་མང་པོ་ཡོད་ན་དེ་ནི་ཕྱོགས་གང་ཐད་ནས་ངོ་ཚ་དགོས་པའི་གནད་དོན་ཞིག་རེད། ཆེ་ས་ནས་བོད་མིའི་སྒྲིག་འཛུགས་ཡིན་ནའང་འདྲ། ཆུང་ས་ནས་ས་གནས་མགོ་འཛིན་ཡིན་ནའང་འདྲ། སུ་གཅིག་གིས་རང་ཉིད་གནས་སྡོད་བྱེད་སའི་སྤྱི་ཚོགས་དེར་ཉམ་ཐག་གི་མིང་ཙམ་མེད་པ་ཞིག་བཟོ་ཐུབ་ཐབས་མེད། དཔེར་ན་བོད་ཀྱི་རྒྱལ་པོ་ཁྲི་རལ་པ་ཅན་གྱིས་བོད་ཀྱི་སྤྱི་ཚོགས་དེ་དབུལ་ཕྱུག་ལན་གསུམ་བསྙམས་ཀྱང་། ལོ་ཤས་རྗེས་སུ་རང་སོར་འགྲོ་བ་ལས་ཐབས་ཤེས་མ་རྙེད་པར་ཐུགས་མུག་པའི་ལོ་རྒྱུས་ཡོད་པ་བཞིན། ནང་པ་སངས་རྒྱས་པའི་ལྟ་གྲུབ་ཐོག་ནས་བཤད་ན་དེ་ནི་གང་ཟག་སོ་སོའི་ལས་ཀྱི་རྣམ་སྨིན་འབའ་ཞིག་ཏུ་གྱུར་ཡོད། གནས་ཚུལ་དེ་ལྟ་བུ་བྱུང་བར་ཧ་ཅང་ངོ་གནོང་དགོས་པ་ཞིག་མིན་པ་དང་། རང་བཞིན་གྱི་གནས་ཚུལ་ཙམ་ཞིག་ཏུ་ངོས་འཛིན་བྱས་ཀྱང་མི་ཆོག་པ་མེད།

 

མདོར་ན་བཙན་བྱོལ་བོད་མི་དཀའ་ངལ་ཅན་དག་ལ་བོད་མིའི་སྒྲིག་འཛུགས་ཀྱིས་སྔོན་ནས་རོགས་རམ་གནང་གི་ཡོད་པ་དང་། སྐབས་རེ་ཛ་དྲག་གི་གནས་སྟངས་འཕྲད་ཡོང་སྐབས་སྤྱི་ཚོགས་ཀྱི་ནང་ནས་ཀྱང་དེ་ལ་རོགས་འདེགས་བྱེད་ཐུབ་ན་ཧ་ཅང་ཡག་པོ་རེད། དགོན་སྡེ་ཁག་དང་ཚོགས་པ་ཁག་བཅས་ཀྱིས་དེབ་སྐྱེལ་གྱི་ངོ་བོ་དང་རྩིས་ཁྲ་ཉར་ཕྱོགས་སོགས་ལ་བརྟེན། པར་ལེན་པ་དང་ཁྱབ་བསྒྲགས་མི་བྱེད་ཀ་མེད་ཡིན་སྲིད་ནའང་། མི་སྒེར་སོ་སོས་རོགས་རམ་ཅུང་ཙམ་རེ་བྱས་པ་ཁག་ཚང་མ་ཁྱབ་བསྒྲགས་རྒྱ་ཆེན་པོ་ཞིག་བྱེད་པ་ནི་ཅུང་འོས་འཚམས་སུ་མ་མཐོང་ཞིང་། རོགས་རམ་དང་སྦྱིན་པ་དེ་དག་ལ་ཆོས་ཕྱོགས་ནས་བསམ་བློ་བཏང་ན་ལན་དང་རྣམ་སྨིན་ལའང་རེ་བ་མེད་པ་ཞིག་དགོས་ན། མཚན་སྙན་གྲགས་ཀྱི་རེ་བ་ནི་དེ་བས་ཀྱང་མི་ཆོག་པ་ཞིག་རེད། ཆོས་དང་མ་འབྲེལ་བའི་ཐོག་ནས་བཤད་ཀྱང་རོགས་རམ་གནང་ཡུལ་དེ་དག་གི་ལག་ཏུ་གྲོ་ཕྱེ་དང་འབྲས་ཀེ་ལོ་ཁ་ཤས་རེ་བཞག་ནས་པར་བླངས། སྐད་ཆ་བཤད་བཅུག་པ་དེ་ཧ་ཅང་འོས་འཚམས་ཤིག་མ་རེད་སྙམ།།