རྐང་རྩེད་སྤོ་ལོའི་རྒྱལ་པོ་མེ་རཱ་ཌོ་ན་གྲོངས་པར་འཛམ་གླིང་ཡོངས་ཀྱིས་མྱ་ངན་ཞུ་བཞིན་འདུག

སྙན་གྲགས་ཅན་གྱི་་རྐང་རྩེད་སྤོ་ལོའི་རྒྱལ་པོ་མེ་རཱ་ཌོ་ན་(Diego Maradona) གློ་བུར་དུ་གྲོངས་པའི་གནས་ཚུལ་ལྷགས་རྗེས། འཛམ་གླིང་གི་སྐད་གྲགས་ཆེ་བའི་རྩེད་མོ་བ་དང་གློག་བརྙན་འཁྲབ་མཁན། དེ་བཞིན་ཆབ་སྲིད་མི་སྣ་དག་གིས་མྱ་ངན་དང་གུས་དུད་ཞུ་བཞིན་འདུག 

ཕྱི་ལོ་༡༩༨༦ ལོར་ཨར་ཇིན་ཋིན་ནཱའི་(Argentina) རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་འགོ་ཁྲིད་ནས་ལོ་དེའི་འཛམ་གླིང་ཕོར་པའི་(World Cup) རྒྱལ་ཁ་ལེན་མཁན་ཁོང་མདང་དགོང་རེས་གཟའ་ལྷག་པའི་དགོང་མོར་སྙིང་རྩའི་ནད་ཀྱིས་གྲོངས་འདུག་ཅིང་། གྲོངས་པའི་སྐབས་དགུང་གྲངས་༦༠ རེད་འདུག 

ཁོང་གྲོངས་པའི་གནས་ཚུལ་དེ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་རྗེས། མེ་སི་( lionel Messi) དང་རོ་ནལ་ཌོ་(Cristiano Ronaldo) གྱིས་མཚོན་པའི་རྐང་རྩེད་སྤོ་ལོའི་སྐར་ཆེན་རྣམས་དང་། དེ་བཞིན་རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་གྲགས་ཅན་ཤཱ་རུང་ཁཱང་(Shah Rukh Khan) ལྟ་བུའི་ལས་རིགས་སྣ་ཚོགས་ཀྱི་གྲགས་ཅན་མི་སྣ་ཚོས་སོ་སོའི་སྤྱི་ཚོགས་དྲ་བའི་ཁ་བྱང་ཐོག་ཏུ་ཁོང་གི་འདྲ་པར་བཞག་སྟེ་མྱ་ངན་གྱི་གུས་ཚིག་སྤེལ་འདུག 

ཨར་ཇིན་ཋིན་ནཱའི་སྲིད་འཛིན་ཨལ་བྷོ་ཌོ-ཧྥར་ནན་ཌོ་(Alberto Fernandez) ཡིས་སྙན་གྲགས་ཆེ་བའི་རྩེད་མོ་བ་ཁོང་གྲོངས་པར་ཉིན་གསུམ་རིང་རྒྱལ་ཡོངས་མྱ་ངན་ཉིན་མོ་ཡིན་པའི་གསལ་བསྒྲགས་སྤེལ་བ་མ་ཟད། ཋོའུ་ཋར་དྲ་བའི་ཐོག་ཏུ་“ཁྱེད་ཀྱིས་ང་ཚོ་འཛམ་གླིང་གི་རྩེ་ཕུད་དུ་ཁྲིད་པ་རེད་ལ། ཁྱེད་ཀྱིས་ང་ཚོ་ལ་བླ་ན་མེད་པའི་བདེ་སྐྱིད་ཚོར་དུ་བཅུག་ཡོད། ཁྱེད་ནི་ཡོད་ཚད་ཁྲོད་ཀྱི་ཡག་ཤོས་དེ་ཡིན། ཁྱེད་འཇིག་རྟེན་འདིར་ཕེབས་པར་བཀའ་དྲིན་ཆེ་”ཞེས་ཁོང་ལ་གུས་དུད་དང་ཐུགས་རྗེ་ཆེ་ཞུས་འདུག 

རྐང་རྩེད་སྤོ་ལོའི་རྒྱལ་པོ་ཁོང་གྲོངས་པར་བོད་པ་ཚོས་ཀྱང་མྱ་ངན་དང་གུས་དུད་ཞུས་འདུག་སྟེ། གཞིས་སུ་བཞུགས་པའི་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས་སོ་སོའི་ཋོའུ་ཋར་དྲ་བའི་ཐོག་ཏུ་ཁོང་གི་འདྲ་པར་བཞག་སྟེ་ཁོང་སྐུ་གྲོངས་པར་མྱ་ངན་དང་གུས་འདུད་མཚོན་ཞུས་འདུག་ལ། དེ་བཞིན་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་ཨོ་རྒྱན་གྱིས་“ཁོང་གིས་རྟག་ཏུ་བཙན་གནོན་འོག་ལ་ཡོད་པའི་མི་རིགས་ཚོའི་ཆེད་དུ་ལངས་ནས་སྐད་ཆ་བཤད་ཡོད། ༢༠༠༨ ལོར་ཁོང་གིས་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་ངོ་རྒོལ་བཀག་འགོག་དང་། བོད་ནང་གི་ཆབ་སྲིད་སྒེར་ལངས་ཆེན་མོར་རྒྱབ་སྐྱོར་གནང་ཡོད། ཁོང་གིས་‘ང་ལ་མཚོན་ན། བོད་ནི་ཤིན་ཏུ་གལ་གནད་ཆེ་བའི་གནད་དོན་ཞིག་རེད། ལྷག་པར་དུ་ཆབ་སྲིད་ཀྱི་འབྲེལ་ལམ་ཡོད་མ་རེད་’ཅེས་གསུངས་རེད་”ཅེས་བྲིས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།