རྐང་སྤོལ་རྩེད་མོ་གྲགས་ཅན་ཞིག་གིས་ཡུ་གུར་དང་འབྲེལ་ནས་ཧུ་ཝེ་ཚོང་ལས་ཁང་དང་འབྲེལ་བ་བཅད་འདུག 

རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་ལ་བཙན་གནོན་དང་བཙོན་འཇུག་བཀག་ཉར་སོགས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་སྐྱོན་བརྗོད་བྱེད་མཁན་མང་ཆེ་བ་ནི་རྒྱལ་ཁབ་ཁག་གི་གཞུང་ཡིན་ཡང་། ཐེངས་འདིར་རྐང་སྤོལ་རྩེད་མོ་བ་གྲགས་ཅན་ཞིག་གིས་ཡུ་གུར་ལ་བཙན་གནོན་དང་འབྲེལ་བ་ཡོད་པའི་ཧུ་ཝེ་ཚོང་ལས་ཁང་དང་འབྲེལ་བ་གཙང་མ་བཅད་ནས་གནས་ཚུལ་ཆེན་པོ་ཆགས་འདུག 

ཟླ་༡༢ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཨ་རིར་རྟེན་གཞི་བྱས་པའི་དོ་དམ་དང་བྱ་རའི་ལས་དོན་ལ་ཞིབ་འཇུག་བྱེད་མཁན་ཚོང་ལས་ཁང་ཞིག་གིས། རྒྱ་ནག་ནང་དུ་མིའི་ངོ་གདོང་ལ་བལྟས་ནས་མི་དེ་ངོས་འཛིན་བྱེད་པའི་མཉེན་ཆས་བཟོ་སྐྲུན་སྐབས་སུ། ཡུ་གུར་མི་རིགས་ཡིན་ཚེ་ཉེན་བརྡ་གཏོང་རྒྱུ་ཡོད་པའི་ཆ་རྐྱེན་བཟོ་སྐྲུན་གྱི་ཚོད་ལྟའི་ལས་དོན་ནང་ཧུ་ཝེ་ཚོང་ལས་ཁང་མཉམ་ཞུགས་བྱས་ཡོད་པའི་སྙན་ཐོ་བཏོན་ཡོད་འདུག་པ་དང་། གནད་དོན་དེ་དང་བསྟུན་ནས་ཧྥ་རན་སིའི་རྐང་སྤོལ་རྩེད་མོ་བ་གྲགས་ཅན་རང་ལོ་༢༩ ལ་སོན་མཁན་ཨན་ཀྲོ་ནིའུ་གྷེ་རི་ཛ་མན་(Antoine Griezmann) གྱིས་སྤྱི་ཚོགས་དྲ་ལམ་ཨེན་སེ་ཌ་གྷེ་རམ་ཐོག་ཏུ། གནད་དོན་དེ་དང་བསྟུན་ནས་ཁོང་གིས་ཚོང་ལས་ཁང་དེ་དང་མཉམ་ལས་ཀྱི་གྲོས་མཐུན་འཕྲལ་དུ་རྩིས་མེད་གཏོང་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་འདུག 

དེ་ཡང་རྐང་སྤོལ་རྩེད་མོ་བ་ཁོང་ནི་ཧྥ་རན་སིའི་རྐང་སྤོལ་རུ་ཁག་གི་རྩེད་མོ་བ་ཡག་ཤོས་དང་། ཕྱི་ལོ་༢༠༡༨ ལོར་ཧྥ་རན་སིའི་རུ་ཁག་གིས་འཛམ་གླིང་རྐང་སྤོལ་འགྲན་སྡུར་གྱི་མཐའ་མའི་རྒྱལ་ཁ་ལེན་སྐབས་སུ་ཁོང་གིས་རྩེད་མོ་ཤིན་ཏུ་ཡག་པོ་རྩེས་ཡོད་པ་རེད་པས། ད་ལྟའི་ཆར་ཡུ་རོབ་ནང་གི་རྐང་སྤོལ་རུ་ཁག་སྐད་གྲགས་ཆེ་ཤོས་ཁོངས་སུ་ཡོད་པའི་བྷར་སི་ལོ་ནའི་རུ་ཁག་ནང་དུ་ཁོང་ཡོད་འདུག ཤུགས་རྐྱེན་ཤིན་ཏུ་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡིན་རྐྱེན། ཕྱི་ལོ་༢༠༡༧ ལོ་ནས་བཟུང་ཧྥ་རན་སི་ནང་དུ་ཧུ་ཝེ་ཚོང་ལས་ཁང་གི་ཁྱབ་བསྒྲགས་ངོ་ཚབ་པ་གཙོ་བོ་རྩེད་མོ་བ་ཁོང་ཡིན་འདུག་པ་དང་། ཚོང་ལས་ཁང་དེའི་ཐོན་རྫས་ཁྱབ་བསྒྲགས་བྱེད་དུས་ཁྱབ་བསྒྲགས་ཀྱི་བརྙན་དང་སྦྱར་རིས་སོགས་ཀྱི་ནང་དུ་ཁོང་འཇོག་གི་ཡོད་འདུག 

ཧུ་ཝེ་ཚོང་ལས་ཁང་གི་མགྲིན་ཚབ་པས་གྲགས་ཅན་གྱི་རྩེད་མོ་བ་ཁོང་གི་ཐག་གཅོད་དེར་བློ་ཕམ་ཡོད་པ་དང་། ཁོང་ཚོས་ཁོ་དང་དངོས་སུ་སྐད་ཆ་བཤད་ནས། ཚོང་ལས་ཁང་གི་རིམ་པ་མཐོ་ཤོས་ནས་འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ། དབྱེ་འབྱེད་སོགས་ཀྱི་གནད་དོན་དང་འབྲེལ་ནས་ལས་དོན་གང་འདྲ་སྤེལ་གྱི་ཡོད་པ་གསལ་བཤད་བྱེད་འདོད་ཡོད་སྐོར་བརྗོད་འདུག 

ཨ་རིའི་ཉམས་ཞིབ་ཁང་གི་སྙན་ཐོ་དེ་དང་འབྲེལ་ནས། རྒྱ་ནག་ཕྱི་སྲིད་ལས་ཁང་གིས་སྙན་ཐོ་དེ་ནི་མིང་ཆད་བཟོ་ཆེད་ཅིག་ཡིན་པ་དང་། རྒྱ་ནག་གིས་ཨ་རི་དང་ཡུ་རོབ་ནང་གི་རྒྱལ་ཁབ་ཁག་ལྟར་སྤྱི་ཚོགས་སྟངས་འཛིན་ཆེད་དུ་དེང་དུས་འཕྲུལ་ཆས་དང་གྲངས་ཐོ་བསྡུ་རུབ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ལས། རྒྱལ་ཁབ་གཞན་ལས་ལྷག་པས་ལས་དོན་སྤེལ་གྱི་མེད་པ། ལས་དོན་དེའི་ནང་མི་རིགས་ཤིག་ལ་དམིགས་སུ་བཀར་ནས་དམིགས་འབེན་འཛིན་གྱི་མེད་པ། ལས་དོན་དེས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཕན་ཐོགས་ཀྱི་ཡོད་པས། མི་རིགས་ཚང་མ་ནས་རྒྱབ་སྐྱོར་ཐོབ་ཀྱི་ཡོད་སྐོར་བསྒྲགས་འདུག 

སྤྱིར་བཏང་ཡུ་གུར་མི་རིགས་ཐོག་བཙན་གནོན་དང་འབྲེལ་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཕལ་ཆེ་བ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་རྒྱལ་ཁབ་ཁག་གི་གཞུང་ཡིན་པ་ལས། སྙན་གྲགས་ཆེ་བའི་རྩེད་མོ་བ་དང་གློག་བརྙན་འཁྲབ་སྟོན་པ། གཞས་པ་གཞས་མ་སོགས་ནས་སྒེར་གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཉུང་ཉུང་ཡིན་ཁར། ཁ་ཆེ་མང་ཤོས་ཡིན་པའི་རྒྱལ་ཁབ་ཁག་གིས་ཀྱང་གནད་དོན་དེའི་ཐོག་ཁུ་སིམ་སྡོད་བཞིན་ཡོད་པ་རེད། དེ་སྔོན་འཇར་མན་གྱི་རྐང་སྤོལ་རྩེད་མོ་བ་གྲགས་ཅན་མཱི་སུཌ་ཨོ་ཛིལ་(Mesuit Ozil) གྱིས། སྤྱི་ཚོགས་དྲ་ལམ་ཊེའུ་ཊར་དང་ཨེན་སེཌ་གྷེ་རམ་ཐོག་ཏུ། ཤར་ཏུར་ཀི་སི་ཐན་གྱི་རྒྱལ་དར་རྒྱབ་ལྗོངས་སུ་བཞག་ནས། ཁུལ་དེར་རྒྱ་ནག་གཞུང་གིས་ཁ་ཆེའི་དཔེ་ཆ་མེར་སྲེག་གཏོང་བ་དང་། ལྷ་ཁང་སྒོ་རྒྱག་པ། ཁ་ཆེའི་ཤེས་ཡོན་བསྟི་གནས་ཁང་རྣམས་བཀག་སྡོམ། ཆོས་ལུགས་ཤེས་ཡོན་པ་གཅིག་རྗེས་གཉིས་མཐུད་ཀྱིས་གསོད་བཞིན་པ་དང་། སྤུན་ཟླ་བུ་རྣམས་བཀག་ཉར་ཁང་དུ་བཙན་དབང་ཐོག་བཅུག་པ་དང་། ནང་དུ་ཁོ་ཚོའི་ཚབ་ཏུ་རྒྱ་རིགས་སྡོད་དུ་འཇུག་གི་ཡོད་པ། སྤུན་ཟླ་བུ་མོ་རྣམས་བཙན་དབང་ཐོག་ནས་རྒྱ་རིགས་དང་ཆང་ས་རྒྱག་འཇུག་གི་ཡོད་པ་དང་། ཡུ་གུར་དུ་ཡོད་པའི་ཁ་ཆེ་མི་རིགས་ཀྱི་དཀའ་སྡུག་སྐོར་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་བཞིན་ཡོད་ཀྱང་། ཁ་ཆེའི་རྒྱལ་ཁབ་ཁག་དང་དེ་དག་གི་བརྒྱུད་ལམ་ཁག་གིས་གང་ཡང་བྱེད་ཀྱི་མེད་སྐོར་བྲིས་ནས་གནད་དོན་ཆེན་པོ་ཆགས་ཡོད་པ་རེད། ད་ལྟའི་ཆར་ཁོང་རྐང་སྤོལ་རྩེད་ཡུལ་དབྱིན་ཡུལ་གྱི་རུ་ཁག་ཨར་སི་ནལ་(Aresenal) ནང་དུ་རྩེད་མོ་བའི་ཐོ་གཞུང་ནང་ནས་ཕྱིར་བཏོན་ནས་རྩེད་མོ་རྩེ་རྒྱུ་མེད་པ་ཆགས་ཡོད་པས། དོ་སྣང་ཅན་མང་པོ་ཞིག་གིས་གནད་དོན་དེ་ནི་རྒྱ་ནག་གི་གནོན་ཤུགས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།