རྒྱ་གཞུང་གི་འགོ་ཁྲིད་བུད་མེད་གཅིག་ལ་ལོ་༡༣ བཙོན་འཇུག་དང་རྒྱ་སྒོར་ས་ཡ་གཅིག་གི་ཉེས་ཆད་ཕོག

ཟླ་འདིའི་ཚེས་༢༢ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་འགོ་ཁྲིད་བུད་མེད་ཅིག་གིས་འདས་པའི་ལོ་མང་རིང་ལྐོག་ངན་བླངས་པ་དང་དབང་ཆ་ལོག་སྤྱོད་བྱས་པར་བརྟེན། རྒྱ་གཞུང་གིས་ལོ་༡༣ བཙོན་འཇུག་དང་རྒྱ་སྒོར་ས་ཡ་གཅིག་གི་ཉེས་ཆད་བཅད་འདུག

པར། Kaumudi

རྒྱ་ནག་གི་ལྷོ་ནུབ་ཀོའེ་ཀྲོའུ་(Guizhou) ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་གཞོན་པ་ཀྲོང་ཡང་(Zhong Yang) ་ཟེར་བའི་ལོ་ན་༥༢ ་སོན་པའི་བུད་མེད་དེས་འདས་པའི་ལོ་མང་རིང་མོའི་དབང་འོག་ཏུ་ཡོད་པའི་ལས་བྱེད་སྐྱེས་པ་༥༨ ་ལ་འཁྲིག་སྤྱོད་དང་འབྲེལ་བའི་འབྲེལ་བ་བཙུགས་པ་དང་། རྒྱ་སྒོར་ས་ཡ་༦༠ ་ཙམ་ལྐོག་རྔན་བླངས་པའི་ནག་ཉེས་བསགས་ཡོད་པར་བརྟེན། རྒྱ་གཞུང་གིས་ལོ་༡༣ བཙོན་འཇུག་དང་རྒྱ་སྒོར་ས་ཡ་གཅིག་གྱི་ཆད་པ་བཅད་ཡོད་འདུག ཀྲོང་ཡང་ནི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་འཚར་ལོངས་བྱུང་ཞིང་། སློབ་གྲྭ་ཆེན་མོར་ལོ་རྒྱུས་སྦྱངས་རྗེས། ལོ་༢༢ ཐོག་དམར་ཤོག་ནང་ཞུགས་ནས་མཐར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་གོ་གནས་སུ་བསླེབས་ཡོད་འདུག མོའི་མཛེས་སྡུག་ལྡན་པའི་གཟུགས་བྱད་ལ་བརྟེན་ནས་ལས་ཡུན་རིང་མི་རྣམས་ཀྱིས་”འགོ་ཁྲིད་མཛེས་མ”ཞེས་འབོད་ཅིང་། མོས་གཉེན་སྒྲིག་བྱས་མྱོང་མེད་པ་མ་ཟད་ཕྲུ་གུ་ཡང་མེད་པ་རེད་འདུག

པར། རྒྱ་གར་གྱི་དུས་བབ།


མོས་ཞིང་པ་ཚོར་རོགས་རམ་བྱེད་པའི་ཆེད་དུ་ཤིང་ཏོག་དང་སོ་ནམ་མཐུན་ཚོགས་ཤིག་བཙུགས་པ་དང་། རང་ཉིད་ཀྱི་དངུལ་བཏང་ནས་དཀའ་ངལ་ཅན་གྱི་རྒས་འཁོགས་རྣམས་ལ་རོགས་རམ་བྱས་པར་བརྟེན་མོ་ལ་ཆེ་མཐོང་དང་སྐད་གྲགས་སུ་གྱུར་ཡོད་འདུག ཡིན་ཡང་། མོས་གོ་གནས་བེད་སྤྱོད་བྱས་ནས་ལྐོག་རྔན་བླངས་པ་དང་མོ་རང་དང་སྒེར་གྱི་འབྲེལ་བ་མེད་པའི་ཚོང་ཁང་ཁག་སྣང་མེད་བཏང་བ། འབྲེལ་བ་ཡོད་པའི་སྒེར་གྱི་ཚོང་བདག་ཚོ་དང་མཉམ་ལས་སོགས་བྱས་ཡོད་འདུག
དེ་བཞིན་གཞུང་ལས་འཕར་མ་དང་ཚོང་ལས་སོགས་ལ་ཁ་གཡར་ནས་གཤམ་འོག་ལས་བྱེད་སྐྱེས་པ་ཚོ་དང་དུས་ཚོད་སྐྱེལ་གྱི་ཡོད་འདུག མོ་ལ་དབང་ཆ་དང་གོ་གནས། སྒོར་མོ་སོགས་ཡོད་པར་བརྟེན། སྐྱེས་པ་མང་པོས་ཁེ་སང་ཐོབ་ཆེད་དང་། འགའ་ཤས་ཀྱིས་ལས་གནས་ཤོར་དོགས་ཀྱིས་མོ་དང་དགའ་རོགས་སྒྲིག་པ་སོགས། ད་བར་སྐྱེས་པ་༥༨ ཀྱིས་མོ་དང་དགའ་བོ་སྒྲིག་མྱོང་ཡོད་འདུག
ན་ནིང་ཕྱི་ཟླ་༤ ་པའི་ནང་བུད་མེད་དེ་འཛིན་བཟུང་བྱས་ཡོད་པ་དང་ཕྱི་ཟླ་༩ པའི་ནང་དམར་ཤོག་ཚོགས་པ་དང་གཞུང་གི་ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག མོའི་བྱ་སྤྱོད་དང་ལོ་རྒྱུས་ལ་རྒྱ་ནག་གི་དྲྭ་ལམ་ཁག་གི་ཐོག་ཏུ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་པ་མ་ཟད། རྒྱ་ནག་ནང་མོ་ལྟ་བུའི་འགོ་ཁྲིད་སྒེར་སེམས་ཅན་དང་ལྐོག་ཟ་རུལ་སུངས་ཅན་མང་པོ་ཡོད་རེད་ཅེས་མཆན་འགོད་མཁན་ཡང་མང་པོ་བྱུང་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།