རྒྱ་གཞུང་གིས་༧གོང་ས་མཆོག་གིས་ཕ་ཡུལ་ཁ་ཕྲལ་གནང་རྒྱུའི་ལངས་ཕྱོགས་དོར་ན་ཁོང་གི་མ་འོངས་པའི་སྐོར་གྲོས་མོལ་གནང་རྒྱུའི་གྲ་སྒྲིག་ཡོད་པར་བརྗོད།

ཆ་རྐྱེན་ངེས་ཅན་ཞིག་ཁས་ལེན་གནང་ན་༧གོང་ས་མཆོག་གི་མ་འོངས་པའི་སྐོར་གྲོས་མོལ་བྱ་རྒྱུར་གྲ་སྒྲིག་ཡོད་སྐོར་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་མགྲིན་ཚབ་པས་བརྗོད་འདུག

པར། རོའུ་ཊར།

ཟླ་འདིའི་ཚེས་༡༠ ཉིན། རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས།་གསར་འགོད་པ་ཞིག་གིས་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལ། ༧གོང་ས་མཆོག་གི་གཅེན་པོ་འདས་གྲོངས་སུ་ཕྱིན་པ་དང་འབྲེལ་་དྲི་བ་ཞིག་དྲིས་པའི་ལན་དུ། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Guo Jiakun ཞེས་པས། རྒྱ་ནག་གིས་༧གོང་ས་མཆོག་གིས་ཕ་ཡུལ་(Motherland) ་ཁ་ཕྲལ་གནང་རྒྱུའི་ལངས་ཕྱོགས་དོར་ན། ཁོང་གི་མ་འོངས་པའི་སྐོར་གྲོས་མོལ་གནང་རྒྱུ་ལ་གྲ་སྒྲིག་ཡོད་ཅེས་དང་།

དེ་བཞིན་ཁོས་༧གོང་ས་མཆོག་གིས་མངོན་གསལ་དོད་པོས་བོད་དང་ཐའེ་ཝན་ནི་རྒྱ་ནག་གི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཁྲིམས་མཐུན་གཅིག་པུའི་སྲིད་གཞུང་ཡིན་པ་ངོས་ལེན་གནང་དགོས་ཞེས་བརྗོད་འདུག

ཟླ་འདིའི་ཚེས་༨ ཉིན་གྱི་དགོང་མོར་སྐུའི་གཅེན་པོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་བཀའ་སྦུག་གཟིམ་ཤག་ཏུ་འདས་གྲོངས་སུ་གྱུར་ཡོད་པར་བརྟེན། ད་ལྟའི་ཆར་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཚོས་མཆོད་འབུལ་སྨོན་ལམ་དང་མྱ་ངན་ཞུ་བཞིན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།