རྒྱ་གཞུང་གིས་ཁེ་ན་ཌའི་ནང་གི་བོད་དང་ཡུ་གུར་བའི་ཐོབ་ཐང་རྩོད་ལེན་པ་༢༠ ལ་ཉེས་ཆད་འགེལ་རྒྱུའི་གསལ་བསྒྲགས་སྤེལ་འདུག
རྒྱ་གཞུང་གིས་ཁེ་ན་ཌ་བོད་དོན་ལྷན་ཚོགས་དང་ཁེ་ན་ཌ་ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པ་གཉིས་ཀྱི་ཚོགས་མི་༢༠ ལ་ཉེས་ཆད་འགེལ་རྒྱུ་དང་རྒྱ་ནག་ཏུ་འགྲོ་རྒྱུའི་མཐོང་མཆན་བཀག་སྡོམ་བྱེད་རྒྱུའི་གསལ་བསྒྲགས་སྤེལ་འདུག་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་དུ་འགྲོ་བཞིན་ཡོད་འདུག
ཟླ་འདིའི་ཚེས་༢༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༢༡ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་ལྷ་ལུང་པ་བསམ་འཕེལ། ཚོགས་གཞོན་ལུའི་ས་ ཌུ་རན་ཊེ་(Luisa Durante) ། ཚོགས་པའི་ལག་བསྟར་འགན་འཛིན་ཤེས་རབ་མཐར་ཕྱིན། ཚོགས་མི་ཨེ་ལི་ཛ་ཝོན་སྦ་ཡེར་(Eliza Von Baeyer)། ཚོགས་པའི་འབྲེལ་མཐུད་འགན་འཛིན་གཡུང་དྲུང་བསྟན་འཛིན་གཙོས་པའི། ཁེ་ན་ཌའི་ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པའི་ཚོགས་མི་༡༥ བཅས། ཁྱོན་མི་གྲངས་༢༠ ་ཡི་མིང་འདོན་གནང་ནས། ཕ་ཡུལ་དུ་ཡོད་པའི་ཁོང་རྣམས་ཀྱི་རྒྱུ་དངོས་ཚང་མ་བཀག་སྡོམ་བྱེད་རྒྱུ། ཁོང་རྣམས་དང་ལྷན་དུ་ཚོང་དོན་དང་མཉམ་ལས་ཡོངས་རྫོགས་བཀག་སྡོམ་བྱེད་རྒྱུ། ཟླ་འདིའི་ཚེས་༢༡ ནས་བཟུང་ཁོང་རྣམས་རྒྱ་ནག་དང་ཧོང་ཀོང་། མེ་ཁའོ་བཅས་སུ་འགྲོ་བསྐྱོད་བྱེད་རྒྱུའི་མཐོང་མཆན་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་གསལ་བསྒྲགས་ཤིག་སྤེལ་འདུག
རྒྱ་གཞུང་གིས་སྤེལ་བའི་གསལ་བསྒྲགས་དེ་དང་འབྲེལ། ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་ལས་འཆར་ལག་བསྟར་འགན་འཛིན་ཤེས་རབ་མཐར་ཕྱིན་གྱིས་རྒྱ་གཞུང་གིས་ཁོང་དང་ཁོང་གི་ལས་རོགས་ཚོ་ལ་ཉེས་ཆད་བཀལ་པ་དང་། རྒྱ་གཞུང་གིས་ཁོང་རྣམས་ལ་བོད་དུ་རྒྱུ་དངོས་ཡོད་དམ་ཞེས་དྲིས་པར། ཁོང་གིས་ང་ཚོར་ཡོད་པ་ས་ཆ་དང་ཆུ་བོ། རི་བོ་དང་རྒྱལ་ཁབ་ཡོངས་རྫོགས་བཙན་འཕྲོག་བྱས་ཟིན་པ་དང་། ད་ཆ་ཁྱེད་ཚོས་ཉེས་ཆད་འགེལ་ཐབས་མེད་པའི་བདེན་པ་དང་སྙིང་སྟོབས་ཡོད་ཅེས་ལན་བརྒྱབ་ཡིན་ཞེས་ཁོང་ཉིད་ཀྱི་ཨིག་སི་(Twitter) བརྒྱུད་ལམ་ཐོག་སྤེལ་འདུག
གཞན་ཡང་། གཡུང་དྲུང་བསྟན་འཛིན་གྱིས་ཁོང་གིས་སོ་སོའི་རྒྱལ་ཁབ་བོད་ཀྱི་ཆེད་དུ་འཐབ་རྩོད་བྱས་ནས་རྒྱ་གཞུང་གི་ཉེས་ཆད་ཕོག་པ་དེར་སྤོབས་པ་སྐྱེ་བཞིན་ཡོད་པ་དང་། ཁོང་གི་བོད་དོན་འཐབ་རྩོད་ཀྱི་དམ་བཅའ་ལ་འགྱུར་བ་མེད་པ། མ་འོངས་པར་རང་དབང་གི་ཆེད་དུ་མུ་མཐུད་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་ཁོང་ཉིད་ཀྱི་ཨིག་སི་བརྒྱུད་ལམ་ཐོག་སྤེལ་འདུག
ཟླ་འདིའི་ཚེས་༢༢ ཉིན་(South China Morning Post) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༢ ཚེས་༡༠ ཉིན་ཁེ་ན་ཌའི་གཞུང་གི་བོད་དང་ཡུ་གུར། རྩ་རླུང་སྒོམ་སྒྲུབ་པ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་ཉེས་མིང་འོག་ཤར་ཏུར་ཀི་སི་ཐན་ནང་གི་དམར་ཤོག་འགོ་ཁྲིད་ཟུར་པ་(Chen Quanguo) ་དང་། ལོ་༢༠༡༦ ནས་༢༠༢༡ བར་བོད་ནང་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་བྱེད་་མྱོང་མཁན་(Wu Yingjie) གཙོས་པའི་རྒྱ་ནག་གི་འགོ་ཁྲིད་བརྒྱད་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་པའི་རྗེས། ད་ཐེངས་རྒྱ་གཞུང་གིས་ཁེ་ན་ཌ་ལ་ཡོད་པའི་བོད་དང་ཡུ་གུར་གྱི་ཚོགས་པ་གཉིས་ཀྱི་ཚོགས་མི་༢༠ ལ་ཉེས་ཆད་འགེལ་རྒྱུའི་གསལ་བསྒྲགས་དེ་སྤེལ་ཡོད་འདུག
ཕྱི་ལོ་༢༠༡༨ ལོར་ཁེ་ན་ཌ་གཞུང་གིས་ཨ་རིའི་རེ་སྐུལ་ལྟར། རྒྱ་ནག་གི་འཕྲུལ་རིགས་ཚོང་གཉེར་ཁང་(HUAWEI) ཡི་དཔལ་འབྱོར་སྤྱི་འདོམས་པ་བུད་མེད་(MENG WANZHOU) ཟེར་བས་མགོ་སྐོར་བཏང་བའི་ཉེས་མིང་འོག་བཀག་ཉར་བྱས་པའི་རྗེས། རྒྱ་གཞུང་གིས་རྒྱ་ནག་ཏུ་ཡོད་པའི་ཁེ་ན་ཌའི་མི་སེར་གཉིས་ཀྱིས་གསང་མྱུལ་བའི་ལས་ཀ་བྱས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ནས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་འདུག
རྒྱ་གཞུང་གིས་ཁེ་ན་ཌའི་མི་སེར་གཉིས་གློད་བཀྲོལ་བཏང་ཡོད་ཀྱང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་ཐུབ་མེད་པ་དང་། ན་ནིང་རྒྱ་གཞུང་གིས་ཁེ་ན་ཌའི་འོས་བསྡུའི་ནང་ཐེ་གཏོགས་བྱེད་ཀྱི་འདུག་ཅེས་བརྗོད་ནས་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཕྱིར་འབུད་བཏང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།