རྒྱ་གཞུང་གིས་བཙན་བྱོལ་བོད་མིར་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་བྱེད་བཞིན་པའི་སྙན་ཐོ་ཞིག་བཏོན་འདུག

  བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་བྱེད་ཀྱི་ཡོད་པའི་སྙན་ཐོ་ཞིག་བཏོན་འདུག ཟླ་འདིའི་ཚེས་༦ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་“བཙན་བྱོལ་བོད་མིས་མྱོང་བཞིན་པའི་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་”ཞེས་པའི་དབྱིན་ཡིག་གི་ཆེད་དོན་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གནང་འདུག སྙན་ཐོ་དེ་ནི་བཙན་བྱོལ་བོད་མིས་མྱོང་བཞིན་པའི་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་ཞིབ་ཚགས་ལ་བཀོད་པའི་སྙན་ཐོ་ཐོག་མ་དེ་ཆགས་ཡོད་འདུག

པར། TCHRD

ལྟེ་གནས་ཁང་གིས་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། སྙན་ཐོ་དེས་བཙན་བྱོལ་བོད་མི་ཚོ་དང་ཁོང་ཚོའི་བོད་ནང་གི་ཕ་མ་སྤུན་མཆེད་དབར་གྱི་འབྲེལ་གཏུག་གི་བརྒྱུད་ལམ་མེད་པར་བཟོས་པ་དང་། རྒྱའི་གསང་ཉུལ་བས་བཙན་བྱོལ་བོད་མི་རྣམས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་དང་། མི་སྒེར་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་པ། ལྷག་པར་དུ་བོད་ནང་གི་ཕ་མ་སྤུན་མཆེད་ཚོའི་བདེ་འཇགས་གཏའ་མར་བཞག་ནས་རྒྱ་གཞུང་གིས་བཙན་བྱོལ་བོད་མི་རྣམས་ཀྱི་བོད་དོན་ལས་འགུལ་དང་སྨྲ་བརྗོད་སོགས་འགོག་ཐབས་བྱེད་བཞིནཔ། བོད་ནང་གི་ཕ་མ་སྤུན་མཆེད་སོགས་ནས་དངུལ་གཏོང་ལེན་མི་ཐུབ་པ་བཟོས་ནས་བཙན་བྱོལ་བོད་མིའི་འཚོ་བར་དཀའ་ཁག་སྤྲོད་ཐབས་བྱེད་པ་སོགས་རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་འོག་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་དཀའ་སྡུག་འདྲ་མིན་མྱོང་བཞིན་ཡོད་པར་བསྟན་ཡོད་འདུག དེ་བཞིན། སྙན་ཐོའི་ནང་བོད་མི་ཚོས་རྒྱ་ནག་གི་གནོན་ཤུགས་དེ་དག་ཧ་ཅང་རྒྱུན་ལྡན་ཅན་དུ་བརྩིས་ཡོད་པས་ད་བར་བཙན་བྱོལ་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་ཐེབས་པའི་སྐོར་གླེང་སློང་བྱས་པ་ཧ་ཅང་ཉུང་ཉུང་ཡིན་པ་དང་། རྒྱ་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་འོག་བཙན་བྱོལ་སྤྱི་ཚོགས་ནང་གནོད་སྐྱོན་ཐེབས་བཞིན་ཡོད་པ་མ་ཟད་མ་འོངས་པའི་བོད་དོན་ལས་འགུལ་ལ་ཡང་གནོད་སྐྱོན་ཚབས་ཆེན་ཐེབས་ཉེན་ཡོད་པ་སོགས་བཀོད་འདུག སྙན་ཐོ་དང་འབྲེལ་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བས། “རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་མྱོང་མཁན་གྱི་བཙན་བྱོལ་བོད་མི་རྣམས་ཀྱི་བདེ་འཇགས་ལ་འཐུས་ཚང་ལྡན་པའི་སྲུང་སྐྱོབ་དགོས་པ་མ་ཟད་རྒྱལ་ཁབ་སོ་སོའི་རང་སའི་ཐོག་གི་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ནན་པོ་ཡོང་བར་བྱས་ནས་ཕྱིའི་ཐེ་ཇུས་དང་གནོན་ཤུགས་འགོག་དགོས་པ་མ་ཟད་ཁྲིམས་འགལ་ཐོག་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་སྤེལ་མཁན་གྱི་འབྲེལ་ཡོད་སྡེ་ཁག་དང་མི་སྒེར་བཅས་ལ་འགྲོ་ཡོང་བཀག་བསྡོམས་དང་ཚོང་གི་ཉེས་ཆད་སོགས་གཏོང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན” ཞེས་བརྗོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།