རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ཚོང་པ་གྲགས་ཅན་ཀརྨ་བསམ་གྲུབ་མི་ལོ་༡༥ རིང་བཙོན་འཇུག་བྱས་རྗེས་ད་ཆར་གློད་བཀྲོལ་བཏང་ཡོད་འདུག
བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་ཉེས་མེད་ཉེས་འཛུགས་བྱས་ནས་འཛིན་བཟུང་བཀག་ཉར་བྱས་དང་བྱེད་བཞིན་ཡོད་པ་ལྟར། བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་པ་གྲགས་ཅན་ཀརྨ་བསམ་གྲུབ་མི་ལོ་༡༥ བཙོན་འཇུག་བྱས་རྗེས་ཉེ་ཆར་གློད་བཀྲོལ་བཏང་ཡོད་འདུག
ཕྱི་ཚེས་༡༩ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། ཀརྨ་བསམ་གྲུབ་ཀྱི་ཕ་ཡུལ་གཅིག་པ་གོ་འཇོ་ནས་ཡིན་པ་ད་ལྟ་ལྡི་ལིར་འབུམ་རམས་པའི་སློབ་སྦྱོང་བྱེད་བཞིན་པའི་ཐུབ་སྟོབས་རྒྱལ་མཚན་བཅས་ནས་ཁོང་དང་འབྲེལ་བའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཞིག་ངོ་དེབ་ཐོག་སྤེལ་འདུག་པ་ལ་གཞིགས་ན། ཕྱི་ལོ་༢༠༡༠ ཟླ་བ་༡ ཚེས་༣ ཉིན་རྒྱ་ནག་གཞུང་གིས་ཀརྨ་བསམ་གྲུབ་ཁྲི་འདུ་(Chengdu)ནས་འཛིན་བཟུང་བྱས་ཡོད་འདུག་ཅིང་། དུས་ཡུན་རིང་པོར་སྡུག་སྦྱོང་མནར་གཅོད་བཏང་བ་དང་། དྲི་རྩད་བཀག་ཉར་བྱས་རྗེས། མཐར་ཕྱི་ལོ་༢༠༡༠ ཟླ་བ་༦ ཚེས་༢༤ ཉིན་ཡུ་གུར་རང་སྐྱོང་ལྗོངས་ཡན་ཆི་རྫོང་གི་ཁྲིམས་ཁང་(the Yanqi Hui Autonomous County People’s Court in Xinjiang)ནས་མི་ལོ་༡༥ རིང་བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ནི་ཕྱི་ལོ་༡༩༦༨ ཟླ་བ་༥ ཚེས་༨ ཉིན་བོད་མདོ་ཁམས་གོ་འཇོ་རྩི་རོང་གདོང་པ་རུ་བར་རུས་ཁེ་ཚང་ཞེས་པར་སྐྱེས་ཡོད་འདུག་ཅིང་། ཕྱིས་སུ་བོད་ནང་ཚོང་ལས་དང་། སྤྱི་ཚོགས་ཞབས་ཞུ། དབུལ་ཕོངས་རོགས་སྐྱོར་ལས་གཞི། བོད་ཀྱི་ཐུན་མོང་མ་ཡིན་པའི་གཟིའི་རིགས་གཙོས་པའི་གནའ་རྫས་ཉར་ཚགས་བྱེད་པ། སློབ་གྲྭ་དང་བོད་ཀྱི་གསོ་རིག་ཁང་གསར་བཙུགས་གནང་བ། བོད་ནང་དུ་སྔ་ཤོས་གྲས་གཅིག་ཡིན་པའི་རྨ་འབྲི་རྫ་གསུམ་གྱི་གཙང་པོའི་ཁོར་ཡུག་སྲུང་སྐྱོབ་ཚན་པ།(Three Rivers Environmental Protection Group)ཞེས་པའི་གཞི་རྒྱ་ཆེ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་གསར་འཛུགས་སོགས་བོད་ནང་ཤུགས་རྐྱེན་ཆེ་ཞིང་། ནུས་པ་ལྡན་པའི་ལས་འགུལ་འདྲ་མིན་སྤེལ་མཁན་གྱི་བོད་པའི་མི་སྣ་གྲགས་ཅན་ཞིག་ཡིན་འདུག ཁོང་ལ་ཡོངས་གྲགས་སུ་གཟིའི་རྒྱལ་པོ་ཞེས་འབོད་ཀྱི་ཡོད་འདུག
དེ་བཞིན་ཁོང་གི་མཛད་རྗེས་དག་ལས་དམིགས་བསལ་བོད་ཀྱི་ཁོར་ཡུག་ཉེན་སྲུང་དང་རིག་གཞུང་སྲུང་སྐྱོབ་རྣམས་དང་འབྲེལ་བའི་ཐད་ཁོང་ཉིད་ལ་གཟེངས་རྟགས་སྣ་མང་ཐོབ་ཡོད་འདུག དཔེར་ན། ཕྱི་ལོ་ ༢༠༠༦ ལོར་ཧོང་ཀོང་(Hong Kong)གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཇེ་ཊི། ལཱིས་(Jet Li)བཙུགས་གནང་བའི་ཐེབས་རྩ་གཅིག་(One Foundation)ཅེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་དེའི་ངོས་ནས་གཟེངས་རྟགས་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༠༦ ལོར་ཁོང་གིས་མི་དང་རང་བྱུང་ཁོར་ཡུག་གཉིས་ཀྱི་དབར་ལ་དམིགས་བསལ་གྱི་མཛའ་མཐུན་བསྐྲུན་ཡོད་པར་བརྟེན། ཁོང་ལ་ལོ་དེའི་གཞན་ཕན་གྱི་བྱམས་བརྩེ་ཅན་ཞེས་ཆེ་མཐོང་གི་མཚན་སྙན་ཕུལ་ཡོད་པ། དེ་བཞིན་ཕྱི་ལོ་ ༢༠༠༢ ལོར་ཧོང་ཀོང་དུ་རྟེན་གཞི་བགྱིས་ཡོད་པའི་གོ་ལའི་མཛའ་གྲོགས་ཚོགས་པའི་ངོས་ནས་ཁོང་ལ་སྐབས་དྲུག་པའི་གོ་ལའི་རྟགས་མ་ཞེས་པ་ཞིག་ཀྱང་ཕུལ་ཡོད་པ་ལ་སོགས་པ་མང་།
འོན་ཀྱང་། ཁོང་དང་ཁོང་གི་སྤུན་གསུམ་གྱིས་ཨ་ཆུང་སེང་གེ་གནམ་རྫོང་གི་དྭང་བླངས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞེས་པ་ཞིག་ཆེད་འཛུགས་བྱས་ཤིང་། རིན་ཆེན་བསམ་འགྲུབ་དང་འཆི་མེད་རྣམ་རྒྱལ་གཉིས་ཀྱིས་རྒྱ་ནག་གི་ལས་བྱེད་ཚོས་ཡུལ་དེའི་རི་སྐྱེས་སྲོག་ཆགས་རྣམས་ལ་གནོད་འཚེ་གཏོང་གི་ཡོད་པའི་གནད་དོན་ཞུ་གཏུགས་བྱས་རྗེས། རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་ནས་ཁོང་གཉིས་ཀྱིས་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་བསྡུ་རུབ་བྱས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་ཚུལ་གྱི་ནག་ཉེས་བཙུགས་ཡོད་པ་རེད།
ཁོང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་། རིག་གཞུང་རྒྱུན་འཛིན་སོགས་དང་འབྲེལ་བའི་ལས་འགུལ་མང་པོ་སྤེལ་བའི་རྐྱེན་གྱིས་ཁོང་ལ་ཉེས་མེད་ཉེས་འཛུགས་བྱས་ཡོད་འདུག་ལ། ཁོང་གིས་སྤུན་མཆེད་རིན་ཆེན་བསམ་གྲུབ་དང་། འཆི་མེད་རྣམ་རྒྱལ་གཉིས་རྒྱ་ནག་གཞུང་གིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་མ་ཉེས་ཁ་གཡོགས་འོག་ནས་འཛིན་བཟུང་བཙོན་འཇུག་བགྱིས་པར་ཁོང་གིས་བདེན་དོན་གཏམ་བཤད་དང་། ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེན་གནང་ཡོད་འདུག ཁོང་གིས་སྤུན་མཆེད་རིན་ཆེན་བསམ་གྲུབ་ལ་རྒྱ་ནག་གཞུང་གིས་མི་ལོ་༥ བཙོན་འཇུག་བྱས་ཡོད་འདུག་པ་དང་། དེ་བཞིན་འཆི་མེད་རྣམ་རྒྱལ་ལོ་གཅིག་དང་ཕྱེད་ཀའི་རིང་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་འདུག
ད་ལྟ་རང་ལོ་༥༦ ཡིན་པའི་ཀརྨ་བསམ་གྲུབ་ལ་ཕྱི་ལོ་ ༡༩༩༨ ལོར་རྒྱ་ནག་གཞུང་གིས་ཁོང་གིས་རྒྱལ་ཁབ་ཀྱི་ཁྲིམས་འགལ་ཐོག་ནས་ཨ་སྒོར་ཁྲི་གཅིག་རེ་བའི་རུམ་གདན་དང་། འཚེམ་དྲུབས་བརྒྱབ་པའི་སྔས་མགོ། དེ་བཞིན་ཕར་ཆིན་བརྒྱབ་པའི་ལྷམ་སོགས་ཇག་པའི་ལག་ནས་ཉོས་ཡོད་ཚུལ་དང་། བང་སོ་རྐུ་འཁྱེར་བགྱིས་ཚུལ། དེ་བཞིན་འཕྲོག་བཅོམ་བགྱིས་པའི་བྱིན་རྟེན་སོགས་དང་འབྲེལ་བ་ཆགས་ཚུལ་སོགས་བཤད་དེ། མཐར་ཁོང་ཉིད་ལ་གཞི་མེད་སྙོན་འཛུགས་དེ་ལྟར་བགྱིས་ནས་མི་ལོ་བཅོ་ལྔའི་རིང་བཙོན་འཇུག་བགྱིས་ཡོད་པར་བརྗོད་འདུག ད་ཆར་ཁོང་གློད་བཀྲོལ་བཏང་ཡོད་འདུག་ཀྱང་། ཁོང་གི་གཟུགས་གཞིའི་གནས་སྟངས་སྐོར་གནས་ཚུལ་གང་ཡང་མེད་འདུག་ལ། མ་འོངས་པའི་ལོ་ལྔའི་རིང་ཆབ་སྲིད་ཐོབ་ཐང་ཡོངས་རྫོགས་འཕྲོག་ཡོད་འདུག་ཅིང་། ཆབ་སྲིད་ཐོབ་ཐང་ཁོངས་སུ་སྨྲ་བརྗོད་རང་དབང་དང་། འོས་བསྡུ་རང་དབང་། འདུ་འཛོམས་རང་དབང་། གཞུང་ནང་གོ་གནས་འཛིན་མི་ཆོག་པ། རྒྱལ་ཁབ་ཀྱི་ཚོང་གཉེར་ཁང་དེ་འདྲ་བདག་ཉར་བྱེད་མི་ཆོག་པ། གཞུང་གིས་ཚོང་ལས་དང་། སྒྲིག་འཛུགས། མི་མང་གི་ཚོགས་པ་སོགས་ནང་ལས་ཀ་བྱེད་མི་ཆོག་པ་སོགས་ཡིན་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།