རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ཀྱི་ནང་མིས་ཁོང་དང་ཐུག་འཕྲད་བྱེད་བཅུག་མི་འདུག

གྲྭ་བཞི་བཙོན་ཁང་གི་ཉེན་རྟོག་པ་དང་འབྲེལ་ཡོད་དོ་དམ་པས་དེ་ཡང་ཕྱི་ཟླ་༤པའི་ཟླ་མཇུག་ཏུ་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་གྱིས་སྤེལ་བའི་གནས་ཚུལ་ཞིག་བརྒྱུད་ལམ་ཁག་ཏུ་ཁྱབ་པ་ལྟར་ན།  རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་གཉིས་ཀྱིས་ཁྲིམས་རྩོད་པ་བརྒྱུད་ནས་ཁྲིམས་སྒྲིག་གི་བྱ་རིམ་ཆ་ཚང་བསྒྲུབས་ཏེ། འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྡོ་རྗེ་ཚེ་བརྟན་དང་ནང་མི་ཁག་ཅིག་ཁྲིམས་རྩོད་པ་དང་ལྷན་དུ་བཙོན་ཁང་དུ་སྐྱོད་སྐབས། གྲྭ་བཞི་བཙོན་ཁང་དོ་དམ་ཁང་གི་འབྲེལ་ཡོད་མི་སྣས། རྡོ་རྗེ་བཀྲ་ཤིས་ཀྱིས་བཙོན་ཁང་ནང་ནས་སྒྲིག་འགལ་གྱི་བྱ་སྤྱོད་སྤེལ་ཡོད་པས་ཁྲིམས་རྩོད་པ་དང་ནང་མིར་ཐུག་ཆོག་གི་མེད་པའི་ཉེས་ཆད་བཏང་སྐོར་བརྗོད་ནས། རྡོ་རྗེ་བཀྲ་ཤིས་དང་ཐུག་འཕྲད་བྱེད་དུ་བཅུག་མི་འདུག་ལ། 

རྡོ་རྗེ་བཀྲིས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་གྱིས་ཉེ་ཆར་སྤེལ་བའི་གནས་ཚུལ་དེའི་ནང་། ང་ཚོས་ཁྲིམས་ལུགས་ལྟར་རྡོ་རྗེ་བཀྲ་ཤིས་ལ་ཐུག་ཆོག་པའི་ཆོག་མཆན་ཞུས་ཡོད་ཀྱང་། བཙོན་ཁང་གི་ངོས་ནས་རྡོ་རྗེ་བཀྲ་ཤིས་ཀྱིས་སྒྲིག་འགལ་བྱས་ཚུལ་བརྗོད་ནས་ཐུག་གི་མ་བཅུག་པ་ནི་ཁ་གཡར་ས་ཡིན་པ་མ་ཟད། ཁྲིམས་འགལ་ཡང་ཡིན་པ་དང་། དེ་སྔོན་གྲྭ་བཞི་བཙོན་ཁང་གི་དོ་དམ་པ་ཚོས་རྒྱུ་མཚན་འདྲ་མིན་དྲངས་ནས་རྡོ་རྗེ་བཀྲ་ཤིས་དང་ཐུག་བཅུག་མེད་སྐོར་གསལ་བཤད་གནང་ཡོད་འདུག

རྡོ་རྗེ་བཀྲ་ཤིས་རྒྱ་གཞུང་གིས་ཁྲིམས་འགལ་བཙོན་འཇུག་བྱས་པ་དེར་ཁྲིམས་ཞིབ་ཡང་དག་བྱེད་དགོས་པ་དང་། ཁོང་ཐུག་འཕྲད་བྱེད་འཇུག་དགོས་པ་སོགས་ཀྱི་ཐད། ཁོང་གི་གཅེན་མོ་མགོན་པོ་སྐྱིད་བཟའ་མི་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་བཅས་ཀྱིས་ཞུ་གཏུག་ལས་འགུལ་ཐེངས་མང་པོ་ཞིག་སྤེལ་ཡོད་པ་མ་ཟད། ཞུ་གཏུག་གི་ལས་འགུལ་སྤེལ་སྐབས་ཉེན་རྟོག་པས་སྣ་གཅིག་མ་ཉན་པའི་ཁར་རྡུང་རྡེག་དང་བཀག་ཉར་ལན་མང་བྱས་ཡོད་པ་རེད། དེ་བཞིན་རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་རྩོད་པས་ཁོང་གི་ནང་མི་དང་ཐུག་འཕྲད་ཡོང་ཐབས་ཕྱི་ལོ་ ༢༠༡༩ ལོ་ནས་ཁོང་གི་གྱོད་དོན་ཐད་ཁྲིམས་ཁང་ལ་ཞུ་གཏུག་ཡང་ཡང་བྱས་ཀྱང་། ལྷ་སའི་གྲ་བཞིའི་བཙོན་ཁང་གི་ཉེན་རྟོག་པས་ཡ་ལན་ཚུལ་བཞིན་སྤྲད་མེད་པ་དང་། ད་ཐེངས་ཀྱང་སྒྲིག་འགལ་བྱས་ཚུལ་སོགས་ཁ་འདྲ་མིན་གཡར་ནས་ཐུགས་བཅུག་མེད་པ་རེད་འདུག  ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ཟླ་བ་འགའི་རྗེས་སུ། ལྷ་སའི་གཡག་འགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ཀྱི་ཁྱིམ་དུ་སྔོག་གཤེར་བྱས་ཏེ། ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་སྒེར་ཡིག་ཚང་ལ་རྒྱ་སྒོར་ཕོན་ཆེན་ཞལ་འདེབས་ཕུལ་བའི་བྱུང་འཛིན་ལག་སོན་བྱུང་ལུགས་བཤད་དེ། རྒྱ་ནག་གཞུང་གིས་ཆབ་སྲིད་གནད་དོན་གྱི་དོགས་གཞིའི་འོག་ཁོང་བཀག་སྐྱིལ་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༠ ཟླ་༦ ཚེས་༢༦ ཉིན་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་བའི་ངང་ཁྲིམས་རྭ་ཞིག་འཚོགས་ཏེ་རྡོ་རྗེ་བཀྲ་ཤིས་ཀྱིས་བུ་ལོན་གཡོ་ལེན་བྱས་ཡོད་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དེ་ནས་བཟུང་ད་བར་མི་ངོ་ ༡༧ ཙམ་ཕྱིན་ཡོད་པ་དང་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་ ༦ རིང་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས་ ༧ ལ་འཛིན་བཟུང་བཀག་ཉར་དང་འདྲི་རྩད་གཅར་བརྡུང་བཏང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ལམ་བཟང་།