རྒྱ་གཞུང་གིས་བོད་དགོན་རྙིང་པ་ཞིག་བསྐྱར་གསོ་བྱེད་འཆར།
རྒྱ་གཞུང་གིས་ལོ་ངོ་༡༢༠༠ ཡི་ལོ་རྒྱུས་ཡོད་པའི་བཞི་སྡེ་དགའ་ལྡན་བསམ་གཏན་གླིང་དགོན་པ་བསྐྱར་གསོ་བྱེད་འཆར་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ལྷ་སའི་ཉེ་འགྲམ་དུ་ཆགས་པའི་བཞི་སྡེ་གླིང་དགོན་པར། རྒྱ་ནག་གཞུང་གིས་འགྲོ་སོང་ཨ་སྒོར་ས་ཡ་༢.༢ གཏང་ནས་ཟླ་༣ པའི་ཟླ་མཇུག་ནས་བསྐྱར་གསོ་བྱེད་འཆར་ཡོད་འདུག
དེ་ཡང་ས་གནས་ཀྱི་ཁང་བཟོ་ཚོང་ལས་ཁང་གིས་བཞི་སྡེ་གླིང་དགོན་གྱི་པར་རྙིང་གཞི་རྩར་བཟུང་སྟེ། སྐབས་དེའི་བཟོ་བཀོད་སོར་གནས་ཐུབ་པ་བྱེད་རྒྱུ་ཡིན་པ་དང། རྩིག་པའི་སྟེང་གི་རི་མོ་རྣམས་སྲུང་སྐྱོབ་ཀྱི་ཆེད་དུ་དེ་དང་འབྲེལ་བའི་ཁྱད་ལས་པར་ལས་འགན་སྤྲོད་རྒྱུ་ཡིན་འདུག
བཞི་སྡེ་གླིང་དགོན་པ་ནི་དུས་རབས་༩ པའི་ནང་ཚལ་པ་ཁྲི་དཔོན་དགའ་སྡེ་བཟང་པོས་བཞེངས་པ་དང། དུས་རབས་བཅོ་བརྒྱད་པའི་མཇུག་ལ་རྭ་སྒྲེང་སྐུ་ཕྲེང་གཉིས་པ་ཁྲི་ཆེན་བསྟན་པ་རབ་རྒྱས་སྐབས། ཆོས་ལུགས་ཀྱི་མཛད་སྒོ་མང་ཆེ་བ་བཞི་སྡེ་དགོན་པར་གནང་བ་དང། མཐར་དགོན་བདག་གནང་བས་དགོན་དེར་ཉམས་གསོ་རྒྱ་བསྐྱེད་དང་རྭ་སྒྲེང་སྐུ་ཕྲེང་རིམ་བྱོན་ལྷ་སར་བཞུགས་ཡུལ་གཙོ་བོར་གྱུར་ཡོད་འདུག དགོན་པ་དེར་ལོ་རྒྱུས་ཐོག་གཏོར་སྐྱོན་ཆེ་ཙམ་ཕོག་མྱོང་ཡོད་དེ། ལྷག་པར་རྒྱལ་ཚབ་རྭ་སྒྲེང་སྐུ་ཕྲེང་ལྔ་པ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་དང་སྟག་བྲག་བར་ཆབ་སྲིད་ཀྱི་འགལ་ཟླ་ཆེན་པོ་བྱུང་ནས་རྭ་སྒྲེང་རིན་པོ་ཆེ་བཙོན་འཇུག་དང་། འབྲེལ་ཡོད་དཔོན་རིགས་མང་པོར་བཀའ་ཉེས་ཕོག་ནས་བླ་བྲང་དང་། རྭ་སྒྲེང་དགོན་པ། བཞི་སྡེ་དགོན་པ་བཅས་ལ་གཏོར་སྐྱོན་ཕོག་པའི་གནས་ཚུལ་ཡོད་པ་རེད།
དེ་རྗེས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ། རིག་གནས་གསར་བརྗེ་སྐབས་བོད་ནང་དུ་དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བཤིགས་གཏོང་སྐབས་ཀྱང་དགོན་སྡེ་དེར་ཉམས་ཆག་ཆེན་པོ་སོང་བ་སང་། དེང་སྐབས་བོད་ནང་དགོན་པ་ཁ་ཤས་བོད་མི་རང་ངོས་ནས་འགྲོ་སོང་བཏང་སྟེ་བསྐྱར་གསོ་བྱས་ཡོད་ཀྱང་། བསྐྱར་གསོ་ཚད་ལྡན་བྱ་མ་ཐུབ་པའི་དགོན་པ་མང་པོ་ཞིག་ད་དུང་ལྷག་བསྡད་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།