རྒྱ་གཞུང་གིས་བོད་དོན་དང་འབྲེལ་བའི་ཨ་རིའི་དཔོན་རིགས་འགའི་མཐོང་མཆན་བཀག་སྡོམ་བྱེད་རྒྱུ་བརྗོད་འདུག

རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སུ་བོད་དོན་དང་འབྲེལ་བའི་ཨ་རིའི་དཔོན་རིགས་ཁག་ཅིག་གི་མཐོང་མཆན་བཀག་སྡོམ་བྱེད་རྒྱུ་ཡིན་པར་བརྗོད་འདུག

པར། རོའུ་ཊར།

ཟླ་འདིའི་ཚེས་༡༤ ཉིན། རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རེས་གཟའ་ཟླ་བའི་ཉིན། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་དཔོན་རིགས་ཁག་ཅིག་གི་བོད་དོན་དང་འབྲེལ་བའི་གནད་དོན་ཐད། བྱ་སྤྱོད་ཐལ་དྲགས་པ་བརྗོད་ནས་ཁོང་ཚོ་རྒྱ་ནག་ཏུ་བསྐྱོད་རྒྱུའི་མཐོང་མཆན་བཀག་སྡོམ་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག

ཨ་རིའི་གཞུང་གིས་ཕྱི་རྒྱལ་མི་སྣ་བོད་དུ་འགྲོ་འོང་བྱེད་ཕྱོགས་སྐོར་གྱི་སྲིད་བྱུས་དང་འབྲེལ་བའི་རྒྱ་ནག་གི་དཔོན་རིགས་ཚོར་མཐོང་མཆན་བཀག་སྡོམ་བྱས་ནས་བདུན་ཕྲག་གཉིས་ཀྱི་རྗེས་ཏེ། ཁ་སང་རེས་གཟའ་ཟླ་བའི་ཉིན། རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སུ། རྒྱ་གཞུང་གིས་ཨ་རིའི་དཔོན་པོ་ཁག་ཅིག་གི་མཐོང་མཆན་བཀག་སྡོམ་བྱེད་རྒྱུའི་གསལ་བསྒྲགས་དེ་སྤེལ་འདུག་པ་དང་།

རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་ཕྱི་འབྲེལ་མི་སྣ་དང་། གསར་འགོད་པ། རྒྱལ་སྤྱིའི་རྟོག་ཞིབ་པ་གཞན་རྣམས་བོད་དུ་འགྲོ་འོང་བྱེད་རྒྱུར་བཀག་འགོག་བྱས་པ་དེར། ཨ་རིའི་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཕྱི་འབྲེལ་མི་སྣ་སོགས་ལ་དམ་དྲག་མེད་པའི་ཐོག་འགྲོ་བསྐྱོད་བྱེད་བཅུག་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག

རྒྱ་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིན་ཅན་(Lin Jian) ཟེར་བས་བོད་དོན་དང་འབྲེལ་བའི་གནད་དོན་རྣམས་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པ་དང་། ཨ་རིའི་གཞུང་གིས་བོད་དང་འབྲེལ་རྒྱ་ནག་གི་དཔོན་རིགས་ཚོའི་མཐོང་མཆན་ལ་བཀག་འགོག་བྱས་པ་དེས་རྒྱལ་སྤྱིའི་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་དང་ཚབས་ཆེན་འགལ་ཡོད་པར་བརྗོད་འདུག་ལ། ཁོས་བོད་ལ་སྒོ་འབྱེད་བྱས་ཡོད་པ་དང་། རྒྱལ་ཁབ་གཞན་ནས་བོད་དུ་ཡུལ་སྐོར་དང་ཚོང་གཉེར་བྱེད་པར་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་ཀྱང་། ཕྱོགས་གཞན་ནས་རྒྱ་ནག་གིས་རྒྱལ་ཁབ་བམ། མི་སྒེར་གང་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ལུགས། རིག་གནས་བཅས་ལ་ཁ་གཡར་ནས་བོད་ཀྱི་ལས་དོན་ལ་ཐེ་གཏོགས་བྱས་པར་ངོ་རྒོལ་ཡོད་ཅེས་བརྗོད་འདུག

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་དོན། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོས་སྔོན་ཚུད་ནས་མཆོག་མཆན་ཞུས་ན་བོད་ཀྱི་ནུབ་ཕྱོགས་ས་ཁུལ་དུ་སྡེ་ཚན་བྱས་ནས་མཉམ་དུ་འགྲོ་བསྐྱོད་བྱས་ཆོག་ན་ཡང་། ཕྱི་འབྲེལ་མི་སྣ་དང་གསར་འགོད་པ་སོགས་བསྐྱོད་པ་ལ་ས་གནས་དཔོན་རིགས་ནས་ཆོག་མཆན་ཞུ་དགོས་ཀྱི་ཡོད་འདུག

ཕྱི་སྲིད་བློན་ཆེན་ཟུར་པ། མ་ཡི་ཀི་པོམ་པེའོ།

སྤྱིར་ཕྱི་ལོ་༢༠༢༠ ཟླ་༧ ཚེས་༧ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡི་ཀི་པོམ་པེའོ་ (Michael R. Pompeo) ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས་སུ། རྒྱ་ནག་གཞུང་གི་ལས་བྱེད་དང་མི་སེར་སོགས་ཨ་རིའི་ནང་རང་དབང་གི་སྒོ་ནས་ཡོང་ཆོག་གི་ཡོད་ཀྱང་། ཨ་རིའི་གཞུང་གི་གཞུང་ཚབ་མི་སྣ་དང་། ལས་བྱེད། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་བོད་རང་སྐྱོང་ལྗོངས་ཀྱིས་གཙོས། བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་བསྐྱོད་པར་རྒྱ་ནག་གཞུང་གིས་བཀག་འགོག་བྱེད་བཞིན་ཡོད་པར་བརྟེན། ཨ་རིའི་གཞུང་ནས། རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཚོའི་ཐོག་ལའང་དྲང་བདེན་དང་ཕྱི་གསལ་ནང་གསལ་གཅིག་མཚུངས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

སྐབས་དེར་ཁོང་གིས་ཕྱི་ལོ་༢༠༡༨ ལོར་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པས་སྤྱི་མོས་ཐོག་བོད་དུ་རང་དབང་གི་སྒོ་ནས་ཕར་འགྲོ་ཚུར་འོང་ཆོག་པའི་ཁྲིམས་འཆར་(Reciprocal Access to Tibet Act) ཁྲིམས་སུ་གཏན་འབེབས་གནང་བ་གཞིར་བཟུང་། དེ་རིང་ངས་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཚོས་ཕྱི་རྒྱལ་མི་རིགས་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་པར་དམ་དྲག་གིས་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཚོའི་ཐོག་ཨ་རིའི་གཞུང་གིས་མཐོང་མཆན་སྤྲོད་རྒྱུར་དམ་དྲག་གནང་རྒྱུ་ཡིན་པའི་གསལ་བསྒྲགས་བྱེད་བཞིན་ཡོད་ཅེས་བརྗོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།