རྒྱ་གཞུང་གིས་བོད་པའི་ཚོགས་པ་གཉིས་ཀྱི་དྲྭ་ཚིགས་སུ་འཇབ་འཛུལ་གྱིས་གནས་ཚུལ་རག་ཐབས་བྱས་འདུག
རྒྱ་གཞུང་དང་འབྲེལ་བ་ཡོད་པའི་དྲྭ་གནས་འཇབ་འཛུལ་ཚོགས་པ་(hacking group) ཞིག་གིས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་དང་། གསང་ཆེན་རྒྱུད་སྨད་གྲྭ་ཚང་གཉིས་ཀྱི་དྲྭ་ཚིགས་སུ་འཇབ་འཛུལ་དང་གློག་ཀླད་ནང་སྐྱོན་གཏོང་མཉེན་ཆས་(Malware) ཞེས་པ་བླུགས་ནས་གློག་ཀླད་བེད་སྤྱོད་གཏོང་མཁན་སོགས་ཀྱི་གནས་ཚུལ་རག་ཐབས་བྱས་ཡོད་འདུག
ཟླ་འདིའི་ཚེས་༡༣ ཉིན་ཨེ་པི་(AP) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་ལ་ཡོད་པའི་དྲྭ་རྒྱའི་བདེ་འཇགས་ཉམས་ཞིབ་ཁང་(Insikt) ཞེས་པ་ཞིག་གིས་སྙན་ཐོ་ཞིག་བཏོན་པའི་ནང་། དྲྭ་གནས་འཇབ་འཛུལ་ཚོགས་པ་(TAG-112) ཞེས་པ་ཞིག་གིས་རྡ་སར་ཡོད་པའི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་དང་། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གསང་ཆེན་རྒྱུད་སྨད་གྲྭ་ཚང་བཅས་ཀྱི་དྲྭ་ཚིགས་སུ་འཇབ་འཛུལ་བྱས་ཞིང། གློག་ཀླད་ནང་སྐྱོན་གཏོང་མཉེན་ཆས་(Malware) བླུགས་ནས་གློག་ཀླད་བེད་སྤྱོད་གཏོང་མཁན་དག་གི་གནས་ཚུལ་དང་ལས་དོན་ག་རེ་བྱེད་ཀྱི་ཡོད་པའི་གནས་ཚུལ་རག་ཐབས་བྱས་ཡོད་པ་དང་། དྲྭ་གནས་འཇབ་འཛུལ་ཚོགས་པ་དེར་རྒྱ་གཞུང་གིས་སྦྱིན་བདག་བྱེད་ཀྱི་ཡོད་པ་ཉམས་ཞིབ་ཁང་གིས་ངོས་འཛིན་བྱེད་བཞིན་ཡོད་འདུག
སྙན་ཐོའི་ནང་། དྲྭ་གནས་འཇབ་འཛུལ་བྱེད་མཁན་གྱི་ཚོགས་པས་དྲྭ་ཚིགས་གཉིས་ལ་འཇབ་འཛུལ་བྱས་ནས། དྲྭ་ཚིགས་བེད་སྤྱོད་བྱེད་མཁན་ཚོ་ལ་ཉེན་སྲུང་མ་ལག་ཡིན་ཁུལ་གྱིས་གནོད་འཚེ་ཅན་གྱི་ཡིག་སྣོད་ཅིག་ཕབ་ལེན་བྱེད་དུ་འཇུག་གི་ཡོད་པ་དང་། ཡིག་སྣོད་དེ་ཁ་ཕྱེས་པ་དང་(Cobalt Strike Beacon) ཟེར་བའི་གནོད་འཚེ་ཅན་གྱི་མཉེན་ཆས་ཤིག་སྤྱོད་མཁན་གྱི་གློག་ཀླད་ནང་དུ་བཅུག་ནས། སྤྱོད་མཁན་གྱི་ཁ་བྱང་རྐུ་འཁྱེར་བྱེད་པ་དང་ཡིག་ཆ་གཏོང་ལེན་བྱེད་པ། དེ་བཞིན་གནོད་འཚེ་ཅན་གྱི་མཉེན་ཆས་གཞན་ཁག་ཅིག་ཀྱང་གློག་ཀླད་ནང་དུ་འཇུག་གི་ཡོད་འདུག
ཉམས་ཞིབ་ཁང་གི་འགན་འཛིན་རྒན་པ་(Jon Condra) ཡིས་འཇབ་འཛུལ་གྱི་ལས་དོན་ནང་དྲྭ་ཚིགས་དབང་སྒྱུར་གྱི་ལས་དོན་བསྒྲུབ་པ་མཐོང་ཆོས་སུ་མི་སྣང་ཡང་། ཁོང་ཚོའི་དམིགས་ཡུལ་ནི་གསང་བའི་ཉུལ་ཞིབ་བྱེད་རྒྱུ་དང་བོད་མིའི་སྤྱི་ཚོགས་ལ་དམིགས་འབེན་བཟུང་བ་ཡིན་སྟབས། ཁོང་ཚོས་དྲྭ་ཚིགས་གཏོར་བཤིག་གཏོང་ཆེད་འཇབ་འཛུལ་བྱས་པ་ཞིག་མ་ཡིན་པ། གནས་ཚུལ་བསྡུ་རུབ་དང་ལྟ་ཞིབ་བྱེད་རྒྱུ་གཙོ་བོ་ཡིན་ངེས་པ། ལོ་རྒྱུས་ཐོག་ནས་བོད་པའི་སྤྱི་ཚོགས་ལ་དམིགས་འབེན་བྱས་པ་དང་མཐུན་པ་རེད་ཅེས་ཨེ་པི་གསར་ཁང་ལ་བརྗོད་འདུག
རྒྱ་གཞུང་གིས་རྒྱུན་དུ་དྲྭ་གནས་འཇབ་འཛུལ་ཚོགས་པར་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་བརྗོད་ཀྱི་ཡོད་པ་ལྟར། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་འཇབ་འཛུལ་ཚོགས་པས་དྲྭ་ཚིགས་གཉིས་ལ་འཇབ་འཛུལ་བྱས་ཡོད་པ་དང་། ཉམས་ཞིབ་ཁང་གིས་སྙན་ཐོ་བཏོན་པའི་སྐོར་ཤེས་རྟོགས་བྱུང་མ་སོང་ཞེས་བརྗོད་འདུག
ཉམས་ཞིབ་ཁང་གིས་དྲྭ་གནས་འཇབ་འཛུལ་ཚོགས་པས་ལོ་འདིའི་ཟླ་༥ པའི་ཟླ་མཇུག་ཏུ་འཇབ་འཛུལ་བྱས་ཡོད་པ་དང་། དེ་སྔ་(TAG-102) ཞེས་པའི་དྲྭ་གནས་འཇབ་འཛུལ་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་འདྲ་བའི་ཆ་མང་པོ་ཡོད་པས། ཉམས་ཞིབ་པ་ཚོས་ཚོགས་པ་དེ་ནི་དེ་སྔོན་ནས་ཡོད་པའི་ཚོགས་པའི་ཡན་ལག་ཅིག་ཡིན་པ་དང་། གསང་བའི་གནས་ཚུལ་བསྡུ་རུབ་ཀྱི་དམིགས་ཡུལ་གཅིག་གི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པ་མཇུག་སྡོམ་བརྒྱབ་ཡོད་འདུག
ཉམས་ཞིབ་ཁང་གི་འགན་འཛིན་རྒན་པ་(Condra) ཡིས་ཚོགས་པ་དེ་གཉིས་ཀྱི་ཐབས་བྱུས་དང་། བྱ་རིམ། ལག་ལེན་བྱེད་སྟངས་དང་དམིགས་འབེན་སོགས་གཅིག་པ་ཡིན་པ་དང་། ཚོགས་པ་གཉིས་པོ་ཕན་ཚུན་འབྲེལ་བ་ཡོད་པ་ནི་ཐེ་ཚོམ་མེད་པ་ཞིག་རེད་ཅེས་བརྗོད་འདུག
ཉམས་ཞིབ་ཁང་གིས་བརྗོད་གསལ་ལྟར་ན། རྒྱ་གཞུང་དང་འབྲེལ་བ་ཡོད་པའི་དྲྭ་གནས་འཇབ་འཛུལ་ཚོགས་པ་(TAG-102) ཡིས་(Evasive Panda) དང་(StormBamboo) སོགས་མིང་འདྲ་མིན་སྤྱད་ནས་ཕྱི་ལོ་༢༠༡༢ ནས་བཟུང་ལས་འགུལ་འདྲ་མིན་སྤེལ་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་མི་སྒེར་དང་ཚོགས་པ་ཁག་སྟེ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། གྲངས་ཉུང་མི་རིགས་ཀྱི་ཚོགས་པ། ཤེས་ཡོན་ལྟེ་གནང་ཁང་ཁག ཆོས་ལུགས་ཚོོགས་པ། དེ་བཞིན་ཐའེ་ཝན་དང་ཧོང་ཀོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་དམིགས་འབེན་གཙོ་བོར་བཟུང་ནས་རྗེས་འདེད་བྱེད་ཀྱི་ཡོད་པ་བརྗོད་འདུག
རྒྱ་གཞུང་གིས་དྲྭ་གནས་འཇབ་འཛུལ་བྱས་པའི་གནས་ཚུལ་དང་འབྲེལ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་རྩོམ་སྒྲིག་པར་བཀའ་འདྲི་ཞུས་པར། ཁོང་གིས་གསར་ཁང་གི་གསར་འགྱུར་རྣམས་རྒྱ་ནག་གི་ས་ཁུལ་ཁག་ཅིག་ནང་ལྟ་ཀློག་ཐུབ་ཀྱི་ཡོད་པར་བརྟེན། རྒྱ་གཞུང་གིས་གནས་ཚུལ་བཀག་འགོག་ཆེད་དྲྭ་ཚིགས་ལ་འཇབ་འཛུལ་བྱེད་ཡོད་སྲིད་པ་རེད་ཅེས་དང་། ལོ་འདིའི་ཕྱི་ཟླ་༥ ཙམ་ནས་དབྱིན་ཡིག་དང་རྒྱ་ཡིག་གི་དྲྭ་ཚིགས་ཁ་ཕྱེ་མ་ཐུབ་པ་དང་། གསར་འགྱུར་བླུག་མ་ཐུབ་པའི་དཀའ་ངལ་མང་དག་ཅིག་འཕྲད་ཡོད་ན་ཡང་། ད་ལྟའི་ཆར་དཀའ་ངལ་དེ་དག་སེལ་ཡོད་( http://www.tibetpost.net/ ) ཅེས་འགྲེལ་བརྗོད་གནང་སོང་།།
གསར་འགོད་པ། བློ་བཟང་རྒྱ་མཚོ།