རྒྱ་གཞུང་གིས་བོད་མཐོ་སྒང་ནས་ཟངས་ཀྱི་གཏེར་ཁ་ཕོན་ཆེན་པོ་ཞིག་རྙེད་ཡོད་པར་བརྗོད་འདུག

    

རྒྱ་ནག་གཞུང་གིས་བོད་མཐོ་སྒང་ནས་ཟངས་ཀྱི་ཐོན་ཁུངས་ཕོན་ཆེན་པོ་ཞིག་རྙེད་ཡོད་པ་ཕྱིར་བསྒྲགས་བྱས་ཡོད་འདུག་ལ། ཐོན་ཁུངས་དེ་ལ་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཐད་ནུས་པ་ཆེན་པོ་འཐོན་རྒྱུ་ཡིན་པར་བརྗོད་འདུག འོན་ཀྱང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་གནོད་སྐྱོན་ཆེན་པོ་གཏོང་རྒྱུ་ཡིན་པ་སྲིད་དོན་དཔྱད་བརྗོད་པ་དག་གིས་བརྗོད་འདུག

ཕྱི་ཚེས་༣༡ ཉིན་(ECONEWS)ཟེར་བའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་མཐོ་སྒང་ནས་ཟངས་ཀྱི་ཐོན་ཁུངས་ཊོན་ས་ཡ་ ༢༠ ལྷག་རྙེད་ཡོད་པ་བརྗོད་འདུག་ཅིང་། ཟངས་ཀྱི་ཐོན་ཁུངས་རྙེད་པ་འདི་ནི་ཕྱི་ལོ་(༢༠༢༡-༢༥)ལོ་ལྔ་ཚན་བཅུ་བཞི་པའི་འཆར་གཞིའི་སྐབས་སུ་རྙེད་སོན་བྱུང་ཡོད་འདུག  ད་ཆར་ཟངས་རྙེད་སའི་ས་ཁུལ་དེ་ནས་ཟངས་ཀྱི་ཐོན་ཁུངས་ཁྱོན་བསྡོམས་ཊོན་ས་ཡ་ ༡༥༠ བརྒལ་ཡོད་འདུག་པ་དང་། མ་འོངས་པར་བོད་ནི་འཛམ་གླིང་གི་ཟངས་ཚོང་གི་ཁྲོམ་རའི་ནང་གལ་ཆེའི་ཆ་ཤས་ཤིག་ཏུ་འགྱུར་གྱིན་འདུག་ཅིང་། དེ་ཡིས་ཁོར་ཡུག་དང་། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་ཐད་ལ་ཤུགས་རྐྱེན་སྣ་ཚོགས་ཐེབས་རྒྱུ་ཡིན་པར་བརྗོད་འདུག   དེ་བཞིན་བོད་དང་རྒྱ་ནག་གཉིས་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་མ་ཟད། འཛམ་གླིང་ཡོངས་ལའང་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་སྲིད་དོན་དཔྱད་བརྗོད་པ་ཚོས་བརྗོད་ཡོད་འདུག 

                    གཏེར་ཁ་གཙོ་བོ་རྙེད་སའི་ས་གནས།

ཟངས་ཀྱི་གཏེར་ཁ་གསར་པ་དེ་གཙོ་བོ་(the Qinghai-Tibet Plate)་བོད་མཚོ་སྔོན་དང་ཆབ་མདོ་བཅས་ཀྱི་ས་ཆ་གཡུ་ལུང་(Yulong) འདོ་ལུང་(Duolong) འཇུ་ལུང་(Julong)རྒྱ་མ(Jiama) དང་ཞོང་ཅུན་ཀྲུན་ནོ་(Xiongcun-Zhunuo)བཅས་ས་གནས་བཞིའི་ནང་རྙེད་ཡོད་འདུག  ཆབ་མདོའི་གཡུ་ལུང་གི་གཏེར་ཁ་ནི་རྒྱ་ནག་གི་ཟངས་གཏེར་ཆེ་ཤོས་གཉིས་པ་ཡོད་ས་དེ་ཡིན་པར་བརྗོད་འདུག་ཅིང་། གཏེར་ཁ་གསར་པ་རྙེད་ས་དེ་འཛམ་གླིང་གི་བཟོ་ལས་ས་ཁུལ་གལ་ཆེན་ཞིག་ཏུ་བསྒྱུར་རྒྱུ་ཡིན་པར་བརྗོད་འདུག 

              འཕྲུལ་རིགས་ནང་ཟངས་ཀྱི་གལ་ཆེའི་རང་བཞིན།

བསྐྱར་བཟོ་བྱེད་རྒྱུ་ཡོད་པའི་ནུས་ཤུགས་ཐོན་ཁུངས་བཟོ་བྱེད་འཕྲུལ་རིགས་ནང་ཟངས་ནི་ཧ་ཅང་གལ་ཆེན་ཡིན་པ་དང་། དཔེར་ན། ཉི་འོད་གློག་ཆས། རླུང་གློག་འཕྲུལ་འཁོར། གློག་འཁོར་སོགས་ལ་མེད་དུ་མི་རུང་བ་ཞིག་ཡིན་འདུག རྒྱ་ནག་གི་བཟོ་རིག་སློབ་ཆེན་(the Chinese Academy of Engineering)སློབ་དཔོན་(Tang Juxing)གིས་བཤད་པ་ལྟར་ན། ཟངས་དེ་བེད་སྤྱོད་ཆེན་པོ་ཡོད་ཅིང་།  དུས་ཡུན་རིང་པོར་འདང་བའི་ཁྱད་ཆོས་ཡོད་པར་བརྟེན། བསྐྱར་བཟོ་བྱེད་རྒྱུ་ཡོད་པའི་ནུས་ཤུགས་ཐོན་ཁུངས་ཁྲོད་གལ་ཆེན་པོ་ཡིན་པར་བརྗོད་ཡོད་འདུག 

              ཁོར་ཡུག་དང་དཔལ་འབྱོར་ལ་ཤུགས་རྐྱེན།

བོད་མཐོ་སྒང་ནི་སྐྱེ་ཁམས་ཉེན་ཁ་ཆེ་བའི་ས་ཁུལ་ཡིན་པས། གཏེར་ཁ་སྔོག་འདོན་ལས་གཞི་རྒྱ་ཆེན་པོ་བྱས་ན། ས་གནས་ཀྱི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་ཉེན་ཁ་བཟོ་སྲིད་ཅིང་། དེའི་ཆེད་དུ་རྒྱ་ནག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་གཞི་ནན་པོ་དང་གཏེར་ཁ་སྔོག་འདོན་གྱི་ལག་ལེན་བརྟན་པོ་ཞིག་གཏན་འབེབས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པར་བརྗོད་འདུག 

དཔལ་འབྱོར་གྱི་ཆ་ནས། གཏེར་ཁ་དེ་ཡིས་བོད་ཀྱི་ས་ཁུལ་ལ་ཁེ་ཕན་ཆེན་པོ་འཐོབ་རྒྱུ་ཡིན་ཚུལ་རྒྱ་ནག་གཞུང་གིས་བརྗོད་ཡོད་འདུག་ལ། ལས་ཀའི་གོ་སྐབས་སྟོང་ཕྲག་མང་པོ་བསྐྲུན་རྒྱུ་དང་ས་གནས་ཀྱི་འཕེལ་རྒྱས་ལ་ཕན་ཐོགས་བྱེད་ཐུབ་རྒྱུ་ཡིན་ཚུལ་བརྗོད་འདུག འོན་ཀྱང་། གནས་སྐབས་ཀྱི་ཁེ་ཕན་ཆེད་དུ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་བཏང་ན་མ་འོངས་ཕུགས་རྒྱང་རིང་པོ་ལ་གནོད་སྐྱོན་ཆེན་པོ་ཡོང་རྒྱུའི་ཉེན་ཁ་ཡོད་འདུག

                དཀའ་ངལ་དང་གོ་སྐབས།

རྒྱ་ནག་གིས་བོད་ཀྱི་ས་ཁུལ་དེར་ཟངས་ཀྱི་ཐོན་ཁུངས་ལྟེ་གནས་ཤིག་ཏུ་བསྒྱུར་འདོད་ཡོད་པར་བརྟེན།  དེའི་ཆེད་དུ་དེང་རབས་ཀྱི་གཏེར་ཁ་སྔོག་འདོན་རྨང་གཞིའི་འཛུགས་སྐྲུན་དགོས་ཀྱི་ཡོད་པ་དང་།  ས་མཚམས་ཀྱི་རྙོག་གླེང་དང་། ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་སོགས་ལ་གདོང་ལེན་བྱེད་དགོས་འབྱུང་གི་ཡོད་པར་བརྟེན། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྙོག་གླེང་ཞི་འགྲིག་ཡོང་ཐུབ་ན་གཏེར་ཁ་སྔོག་འདོན་ལས་གཞི་མུ་མཐུད་ནས་འགྲོ་ཐུབ་ཀྱི་ཡོད་པ་རྒྱ་ནག་གིས་ཚོད་དཔག་བྱེད་བཞིན་ཡོད་འདུག ཐེངས་འདིར་རྒྱ་ནག་གིས་ཟངས་ཀྱི་གཏེར་ཁ་ཕོན་ཆེན་པོ་རྙེད་པ་དེ་ཡིས་མ་འོངས་པར་བསྐྱར་བཟོ་བྱེད་རྒྱུ་ཡོད་པའི་ནུས་ཤུགས་ཐོན་ཁུངས་ཁྲོད་འགྱུར་བ་ཆེན་པོ་འགྲོ་སྲིད་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།