རྒྱ་གཞུང་གིས་བོད་མི་ཞིག་ལ་ལོ་དགུའི་རིང་ཆུ་དང་གློག་བཅད་པས་ཁོང་གིས་ཞུ་གཏུག་བྱས་རྗེས་བཀག་ཉར་བྱས་འདུག

ཉེ་ཆར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ཆབ་མདོ་སྟེང་ཆེན་རྫོང་གསེར་བྲག་གི་གྲོང་མི་སྐལ་བཟང་ནི་ལོ་༤༢ ཡིན་པ་དང་། ལོ་དགུ་ལྷག་གི་རིང་། ཁོང་གི་ནང་མི་ལ་གློག་དང་ཆུ་ལྟ་བུའི་སྤྱི་དམངས་ཞབས་ཞུ་བཀག་པས་ཁོང་གི་ཁྱིམ་ཚང་གི་ཉིན་རེའི་འཚོ་བ་དང་སྤྱི་ཡོངས་ཀྱི་བདེ་དོན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་འདུག

པར། TCHRD

ཕྱི་ལོ་༢༠༡༦ ནས་༢༠༢༥ ལོ་སྟོད་བར་སྐལ་བཟང་གིས་རྫོང་དང་གྲོང་བརྡལ་སོགས་སུ་ཡིག་ཐོག་ནས་སྔ་རྗེས་ཞུ་གཏུགས་ཐེངས་༥ བྱས་ཀྱང་། རྒྱ་གཞུང་གིས་ཁོང་ལ་འཇིགས་སྐུལ་དང་ལྐོག་ནས་ལྟ་སྲུང་། ཁོང་གི་ནང་མིའི་འགྲོ་སྐྱོད་དང་སྨྲ་བརྗོད་རང་དབང་ལ་དམ་དྲག་སོགས་བྱས་ཡོད་འདུག

ལོ་མང་རིང་སྲིད་གཞུང་གིས་སྣང་མེད་དུ་བཏང་ཡང་ཁོང་ཁུ་སིམ་པོར་བསྡད་ཡོད་འདུག་ཀྱང་། ཕྱི་ཟླ་༣ ཚེས་༢༠ ཉིན། སྐལ་བཟང་གིས་ཉིན་རེའི་འཚོ་བའི་དཀའ་ངལ་དང་ཡུན་རིང་སྤྱི་མང་ཞབས་ཞུ་མེད་པའི་གནས་ཚུལ་ཞིབ་བརྗོད་ཀྱིས་བརྙན་ཞིག་བླངས་ནས་སྤྱི་ཚོགས་དྲྭ་རྒྱའི་ཐོག་སྤེལ་ནས་ཉིན་བཞིའི་རྗེས་སུ།

ཟླ་༣ ཚེས་༢༤ ཉིན། སྟེང་ཆེན་རྫོང་ཉེན་རྟོག་པས་ཏང་དང་སྲིད་གཞུང་གི་གཟུགས་བརྙན་ལ་གནོད་འཚེ་བཟོས་པའི་ཉེས་འཛུགས་འོག་ཉིན་གསུམ་གྱི་རིང་བཀག་ཉར་བྱས་ནས་གློད་བཀྲོལ་བཏང་ཡོད་ན་ཡང་། རྒྱ་གཞུང་གིས་ཁོང་དང་ཁོང་གི་ནང་མི་ལ་རྒྱུན་ཆད་མེད་པར་ལྟ་སྲུང་དང་སུན་གཙེར་བཟོས། ཟླ་༤ ཚེས་༡༨ ཉིན་རྒྱ་གཞུང་གིས་ཁོང་ཐེངས་གཉིས་པར་འཛིན་བཟུང་བྱས་ཏེ་ད་ལྟ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་འོག་གནས་ཡོད་འདུག ཟླ་༤ པའི་ཚེས་༢༢ ནས་༢༤ ཉིན་ཁོང་གི་ནང་མི་ཚོ་ཁོང་ལ་ཐུག་འཕྲད་དུ་ཕྱིན་ཡོད་ཀྱང་ཐུག་བཅུག་མེད་པ་མ་ཟད། འབྲེལ་ཡོད་ལས་བྱེད་ཚོས་ནང་མི་ལ་འཇིགས་སྐུལ་བྱས་ནས་ཁོང་གིས་གཏམ་འཆལ་སྤེལ་བ་དང་སྲིད་གཞུང་ལ་ཞེ་འཁོན་བཅངས་པར་ཁས་ལེན་དགོས་པའི་གནོན་ཤུགས་སྤྲད་ཡོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནང་ཁང་གིས་དེ་གའི་དྲྭ་ཐོག་ཏུ།༼རྒྱ་ནག་གི་བྱ་སྤྱོད་དེ་དག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཤེས་ཡོན་གྱི་ཐོབ་ཐང་དང་།  གཏམ་བརྗོད་རང་དབང།  བཀག་ཉར་མི་བྱེད་པའི་ཐོབ་ཐང་བཅས་དང་འགལ་ཡོད། མུ་མཐུད་ནས་ཆུ་དང་གློག་བཀག་པ་དེས་<<དཔལ་འབྱོར་དང་སྤྱི་ཚོགས། དེ་བཞིན་རིག་གནས་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>> དང་འགལ་ཡོད་ཅིང་།  རྒྱ་ནག་ནི་སྤྱི་ཆིངས་དེར་མིང་རྟགས་འགོད་མཁན་ཞིག་རེད།  ཁོང་གིས་ཞི་བའི་ཐོག་ནས་བསམ་ཚུལ་འགྲེལ་བརྗོད་བྱས་པར་བཀག་ཉར་བྱས་པ་དེས་ <<སྤྱི་དམངས་དང་ཆབ་སྲིད་ཐོབ་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>> དོན་ཚན་ ༩ དང་དོན་ཚན་ ༡༩ བཅས་དང་འགལ་ཡོད།  ཁོང་གི་ཕྲུ་གུ་ཚོར་སློབ་གྲྭའི་བྱ་སྤྱོད་སྤེལ་སྟངས་དེས་<<བྱིས་པའི་ཐོབ་ཐང་གི་སྤྱི་ཆིངས་>>དོན་ཚན་ ༢༨ དང་འགལ་ཡོད། སྐལ་བཟང་གི་ནང་མིར་ཁོང་གི་ཕ་རྒན་དང་ཁོང་གི་ཆབ་སྲིད་ཀྱི་ལོ་རྒྱུས་ལ་གཞི་བཅོལ་ནས་མཉམ་དུ་ཉེས་ཆད་གཏོང་རྒྱུའི་དམིགས་འབེན་བཟུང་བ་དེ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་དང་འགལ་ཡོད།༽ ཅེས་བཀོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།