རྒྱ་གཞུང་གིས་བོད་མིའི་སྒྲིག་འཛུགས་དང་གྲོས་མོལ་བྱ་རྒྱུ་མིན་པར་བརྗོད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པར་དཔལ་ལྡན་སྲིད་སྐྱོང་གིས་གསལ་བཤད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་པར།

ཉེ་ཆར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གཞུང་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཁོང་སྐུ་སྒེར་གྱི་མ་འོངས་གནད་དོན་སྐོར་གྲོས་མོལ་བྱ་རྒྱུ་ལས། བོད་མིའི་སྒྲིག་འཛུགས་མཉམ་དུ་གྲོས་མོལ་བྱ་རྒྱུ་ཡིན་ཚུལ་བཤད་པ་དེ། སྐད་ཆ་གསར་པ་གང་ཡང་མིན་པར་རྒྱ་གཞུང་གིས་རྒྱུན་ལྡན་ནས་ཤོད་བཞིན་པའི་གནས་ཚུལ་ཞིག་ཡིན་པར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སུད་སིར་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་སྨན་རིའི་སྒྲུབ་ཆེན་གྲུབ་པའི་གཏང་རག་བཀྲ་ཤིས་ཀྱི་མཛད་སྒོར་ཕེབས་ཚར་རྗེས། ཟླ་འདིའི་ཚེས་ ༢༨ ཉིན་སུད་སིར་ཕྱོགས་ཕེབས་གནང་འདུག་པ་དང་། སྐབས་དེར་སུད་སིའི་སྐུ་ཚབ་དོན་གཅོད་དང་། སུད་སི་དང་ལེག་ཀྲིན་ཚིན་བོད་རིགས་ཚོགས་པའི་ཚོགས་གཙོ་གཙོས་པའི་ས་གནས་བོད་མི་བཅས་ནས་ཕེབས་བསུ་ཞུས་ཡོད་འདུག དེ་རྗེས་སུད་སིའི་ས་གནས་ཊ་ཧི་ཊི་ཀོན་དུ་ས་གནས་བོད་མི་དང་ཐུག་འཕྲད་ཀྱིས་བོད་དོན་རང་བཙན་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ལམ་སྟོན་གསུང་བཤད་གནང་སྐབས། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་མི་རྣམས་བཙན་བྱོལ་དུ་གྱར་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་དང་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བའི་སྤྱི་ཚོགས་འབུར་དུ་ཐོན་པ་ཞིག་དང་། མང་གཙོའི་ཆ་ལག་ཡོངས་སུ་འཛོམས་པའི་སྒྲིག་འཛུགས་ཤིག་ཀྱང་གྲུབ་ཡོད་པས། བོད་མི་ཚང་མས་མགོན་པོ་གང་གི་བཀའ་དྲིན་སྙིང་ལ་བཅངས་ཏེ་བོད་སྤྱི་པའི་དོན་དུ་ཞབས་འདེགས་ཞུ་དགོས་པ་སོགས་ཀྱི་སྐོར་དང་།

བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་བཞིན་མི་རབས་རྗེས་མ་ཚོས་མི་རབས་རྒན་པ་རྣམས་ཀྱི་མཛད་རྗེས་ལ་ཡི་རངས་དང་། མཇུག་སྐྱོང་རྒྱུན་སྲིང་དགོས་པའི་ལམ་སྟོན། གཞན་ཡང་བོད་མིའི་སྒྲིག་འཛུགས་དེ་གལ་ཆེ་ཚུལ། བཀའ་ཤག་འདིའི་ལས་ཡུན་ལོ་ལྔའི་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་བྱུས་གཏན་འབེབས་དང་ལས་འཆར་བཀོད་སྒྲིག་སོགས་ལ་ཕན་ནུས་ལྡན་པའི་བོད་མིའི་སྒྲིག་འཛུགས་དང་མི་མང་དང་འབྲེལ་བའི་གྲངས་ཐོ་ཚད་ལྡན་བཟོ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཚགས་ཚུད་ཕུགས་འཕེར་ཡོང་བར་སྤྱི་ཡོངས་སྒྲོམ་གཞི་ལེགས་བཅོས་གནང་རྒྱུས་མཚོན་པའི་ལས་དོན་རྣམས་ངོ་སྤྲོད་གནང་། དེ་བཞིན་ཉེ་ཆར་རྒྱ་གར་གྱི་གསར་ལམ་འགའ་ནས་རྒྱ་གཞུང་གི་མགྲིན་ཚབ་པས། རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་ལས་བོད་མིའི་སྒྲིག་འཛུགས་དང་གྲོས་མོལ་བྱ་རྒྱུ་མིན་པའི་སྐོར་གྱི་གནས་ཚུལ་ཞིག་སྤེལ་ཡོད་པ་དེའི་ཐད་སྲིད་སྐྱོང་ནས་གསུངས་དོན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གཞུང་ནས་༸རྒྱལ་བ་རིན་པོ་ཆེ་ལྷན་དུ་མགོན་པོ་མཆོག་གི་མ་འོངས་གནད་དོན་སྐོར་གྲོས་མོལ་བྱ་རྒྱུ་ལས་བོད་མིའི་སྒྲིག་འཛུགས་ལྷན་དུ་གྲོས་མོལ་བྱ་རྒྱུ་ཡིན་ཚུལ་བཤད་པ་ནི་སྐད་ཆ་གསར་པ་གང་ཡང་མིན་པར་རྒྱ་གཞུང་གིས་རྒྱུན་ལྡན་ནས་ཤོད་བཞིན་པའི་གནས་ཚུལ་ཞིག་ཡིན་པ་གསལ་བཤད་གནང་ཞིང་། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་དགོས་ན། རྒྱ་ནག་གཞུང་ལྷན་གྲོས་མོལ་དགོས་པས། མུ་མཐུད་རྒྱ་ནག་གཞུང་གྲོས་མོལ་ལ་ཞུགས་པར་སྐུལ་དེད་གཏང་རྒྱུར་བོད་མིའི་སྒྲིག་འཛུགས་ནས་རྒྱལ་སྤྱིའི་སྲིད་གཞུང་དང་སྤྱི་ཚོགས་ལ་གོ་རྟོགས་ཞུ་གཏུག་ཆད་མེད་སྤེལ་ངེས་ཡིན་སྐོར་སོགས་དང་། མཚམས་རེ་རྒྱ་ནག་ནས་ང་ལ་ཁྱོད་ཀྱིས་འདི་བྱེད་ཀྱི་འདུག་འདི་བྱེད་ཀྱི་མི་འདུག་ལྟ་བུའི་ལན་སྐུར་གྱི་འདུག ངས་འདི་ང་ལ་མ་ཤོད་ཅེས་རྗོད་ཀྱི་ཡོད་ཅེས་གསུངས་པ་དང་འབྲེལ། ཁོང་ཚོས་བཤད་པ་དེ་ང་ཚོས་བདག་པོ་རྒྱག་དགོས་ན། དང་པོ་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐོངས་དང་། དེ་ནས་ང་ཚོས་བསམ་བློ་གཏང་རྒྱུ་ཡོད་རེད། བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏང་རྒྱུ་མེད་པར་ཁ་སང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་སྐད་ཆ་ཤོད་སྟངས་ལ་བལྟས་པ་ཡིན་ན། ང་ཚོའི་ལུང་པར་ཁོ་ཚོས་བཙན་གནོན་དབང་ཡོད་ཀྱིས་བཟུང་བསྡད་ཡོད་བཞིན་དུ། ད་དུང་༸རྒྱལ་བ་རིན་པོ་ཆེས་འདི་གནང་དགོས་འདི་གནང་ཆོག་གི་མ་རེད་ཅེས་བཤད་པ་དེ་གང་ཟེར་གྱི་ཡོད་རེད། ཧམ་པའི་སྐད་ཆ་རེད། འདི་རིགས་ང་ཚོས་ཁས་ལེན་ཐུབ་རྒྱུ་མེད་སོགས་གསུངས་འདུག དེ་རྗེས་དཔལ་ལྡན་སྲིད་སྐྱོང་ནས་ས་གནས་གཟའ་མཇུག་སློབ་གྲྭའི་དགེ་རྒན་ལས་བྱེད་ལྷན་མཇལ་མོལ་གནང་ཡོད་པ་དང་། ཕྱི་ཚེས་ ༢༩ ཉིན་རྒྱལ་ས་བྷེན་དུ་སུད་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག གོང་གསལ་གནས་ཚུལ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ནས་བཏུས།
གསར་འགོད་པ། བསྟན་འཛིན་ལམ་བཟང་།