རྒྱ་གཞུང་གིས་བོད་མིའི་འདོད་མོས་མེད་པའི་འཛུགས་སྐྲུན་ལ་ཨ་རིའི་བོད་དོན་འབྲེལ་མཐུད་པས་སྐྱོན་བརྗོད་གནང་།

ཟླ་འདིའི་ཚེས་༢༦ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་ཆུའི་གཟའ་འཁོར་ཞེས་པའི་ཚོགས་འདུའི་ཐོག་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་བོད་ཀྱི་ཁོར་ཡུག་གི་གལ་གནད་གླེང་བའི་ཐོག་རྒྱ་གཞུང་གིས་བོད་མི་ཚོའི་འདོད་མོས་ཡོད་མེད་ལ་མ་ལྟོས་པར་བོད་ནང་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་པ་ནི་ནོར་འཁྲུལ་ཡིན་པའི་སྐྱོན་བརྗོད་ཀྱང་བྱས་ཡོད་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཨིག་སི་ཐོག་ནས་བླངས།

འཛམ་གླིང་ཆུའི་གཟའ་འཁོར་ཞེས་པ་ནི་འཛམ་གླིང་ཡོངས་ཀྱི་ཆུའི་གནད་དོན་སྐོར་གྱི་གལ་ཆེའི་ཚོགས་འདུ་ཞིག་ཡིན་པ་དང་། ཚོགས་འདུ་དེ་ནི་ལོ་ལྟར་ཟླ་བ་བརྒྱད་པའི་བདུན་ཕྲག་མཐའ་མའི་ནང་ཚོགས་སྲོལ་ཡོད་པ་ལྟར། ལོ་འདིའི་ཚོགས་འདུ་དེ་ནི་སི་ཝེ་ཌེན་(Sweden) ་གྱི་རྒྱལ་སར་ཡོད་པའི་སི་ཊོག་ཧོམ་(Stockholm) ་རྒྱལ་སྤྱིའི་ཆུའི་བསྟི་གནས་ཁང་(SIWI)གི་གོ་སྒྲིག་འོག་ཟླ་འདིའི་ཚེས་༢༥ ནས་༢༩ བར་ཚོགས་བཞིན་ཡོད་འདུག
ཚེས་༢༥ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་ར་ཛེ་ཡ་(Uzra Zeya) མཆོག་གིས་བོད་མཐོ་སྒང་གི་ལྷོ་ངོས་ས་མཚམས་བརྒྱུད་དེ་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་ནང་། སྤྱི་ལེ་གྲུ་བཞི་མ་ ༡༠༠,༠༠༠ ལྷག་གི་འཁྱགས་རོམ་ཡོད་པ་ནི་ས་གནས་ཀྱི་ཡུལ་མི་ཚོའི་འཐུང་ཆུ་ཙམ་མིན་པར། ཆུའི་གཞུང་ངོགས་སུ་གནས་སྡོད་བྱེད་མཁན་མི་འབོར་ཐེར་འབུམ་༡.༨ ལྷག་གི་འཐུང་ཆུ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་སླ་བས་འཁྱགས་རོམ་སྲུང་སྐྱོབ་བྱེད་དགོས་པའི་དྲན་སྐུལ་ཞུས་ཡོད་འདུག

དེ་བཞིན་ཁོང་གིས་གནམ་གཤིས་འགྱུར་ལྡོག་དང་སྲིད་གཞུང་བར་འབྲེལ་བ་ཡོད་པ་དང་། འཛུགས་སྐྲུན་གྱི་ལས་གཞི་ཡིས་དྲོད་ཚད་ཇེ་མཐོར་འགྲོ་བའི་ཤུགས་རྐྱེན་ཇེ་སྡུག་ཏུ་གཏོང་གི་ཡོད་པ། ལྷག་པར་དུ་ཉེ་བའི་ལོ་ཁ་ཤས་ནང་རྒྱ་ནག་གཞུང་གིས་བོད་མཐོ་སྒང་ཡོངས་སུ་རྒྱ་ཆེ་བའི་ཆུ་ཁ་སྒྱུར་བའི་ལས་གཞི་དང་གློག་ཁང་གསར་རྒྱག་གི་ལས་གཞི་ཇེ་མང་དུ་བཏང་ཡོད་པ། འཛུགས་སྐྲུན་དེ་དག་གིས་བོད་མི་ཚོ་ས་གནས་གཞན་ལ་གནས་སྤོ་བྱེད་དགོས་བྱུང་བ་མ་ཟད། ཡར་ཀླུང་དང་སེང་གེ་གཙང་པོ་སོགས་ཀྱི་ཆུའི་ཐོན་ཁུངས་ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ། འཛུགས་སྐྲུན་དེ་དག་ནི་བོད་མི་ས་ཡ་དྲུག་གི་བསམ་འཆར་མ་ཉན་པར་འཆར་འགོད་དང་ལག་བསྟར་བྱས་ཡོད་པ་སོགས་ཀྱི་གསུང་བཤད་གནང་ཡོད་འདུག

ཐེངས་འདིའི་ཚོགས་འདུའི་ཐོག་ཆུས་མིའི་བདེ་འཇགས་དང་ཟས་བཅུད་ཐོན་སྐྱེད་ཀྱི་བདེ་འཇགས། ཟས་བཅུད་སོགས་ཀྱི་བདེ་འཇགས་ཐོག་ཆུ་དེ་གལ་ཆེན་རང་བཞིན་དང་མཉམ་ལས་ཇི་ལྟར་བྱས་མིན་ཐོག་ལ་བགྲོ་གླེང་བྱེད་རྒྱུ་ཡིན་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།