རྒྱ་གཞུང་གིས་བོད་རིགས་འགོ་ཁྲིད་ཚོར་དབང་ཆ་ལྡན་པའི་གོ་གནས་གཅིག་ཀྱང་སྤྲོད་ཀྱི་མེད་པ་སྙན་ཐོའི་ནང་བཀོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདོན་སྤེལ་བྱས་པའི་སྙན་ཐོ་གསར་པའི་ནང་། རྒྱ་ནག་གིས་བོད་ནང་གི་འགོ་ཁྲིད་རྣམས་བསྐོ་གཞག་བྱེད་སྐབས། བོད་མིའི་བདེ་དོན་ལ་དམིགས་པ་ལས། རྒྱ་ནག་དམར་ཤོག་ཚོགས་པར་བློ་དཀར་ཡོད་མེད་གཙོ་བོར་བཟུང་ནས་བསྐོ་གཞག་བྱེད་ཀྱི་ཡོད་པ་དང་། བོད་རིགས་མིན་པ་ཚོས་མུ་མཐུད་ནས་བོད་ཀྱི་འགོ་ཁྲིད་ཀྱི་གོ་གནས་ལ་དབང་སྒྱུར་བྱེད་བཞིན་པར་བརྗོད་འདུག

པར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

ཟླ་འདིའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡིད་ཆེས་ཀྱི་དཀའ་ངལ༼Crisis of credibility༽ ཞེས་པ་ཤོག་གྲངས་༣༦ ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་ཞིང་། སྙན་ཐོ་དེའི་ནང་དུ། རྒྱ་གཞུང་གིས་བོད་ནང་གི་འགོ་ཁྲིད་རྣམས་བསྐོ་གཞག་བྱེད་སྐབས། བོད་མི་མང་གི་བདེ་དོན་ལ་དམིགས་པ་ལས། རྒྱ་ནག་དམར་ཤོག་ཚོགས་པར་བློ་དཀར་ཡོད་མེད་གཙོ་བོར་བཟུང་ནས་བསྐོ་གཞག་བྱེད་ཀྱི་ཡོད་པར་བཀོད་འདུག

དེ་བཞིན་བོད་ནང་གི་ཞིང་ཆེན་རིམ་པ་དང་ས་ཁུལ་རིམ་པའི་སྲིད་འཛིན་གྱི་དབང་ཆ་ལྡན་པའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་གོ་གནས་མང་ཆེ་བ་བོད་རིགས་མིན་པ་ཚོས་མུ་མཐུད་ནས་བཟུང་ཡོད་པ་དང་། ཞིང་ཆེན་རིམ་པའི་སྲིད་འཛིན་ལྔ་པོ་༼the five provincial level administration༽ གང་རུང་གི་ནང་། དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་འཛིན་མཁན་བོད་རིགས་གཅིག་ཀྱང་མེད་པ་མ་ཟད། བོད་རིགས་སུ་གང་གིས་དེ་སྔ་ནས་ད་བར་གོ་གནས་དེ་འདྲ་བཟུང་མྱོང་མེད་པར་བཀོད་འདུག

པར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

དེ་བཞིན་བོད་ཀྱི་ས་ཁུལ་རིམ་པའི་སྲིད་འཛིན་༡༧ དང་རྫོང་རིམ་པའི་སྲིད་འཛིན་༢ ་ལས། བོད་རང་ལྗོངས་ཟེར་བའི་ལྷ་ས་དང་གཞིས་ཀ་རྩེ། མངའ་རིས། དེ་བཞིན་མཚོ་སྔོན་གྱི་མཚོ་བྱང་བཅས་བཞི་ཁོ་ནར་དམར་ཤོག་ཚོགས་པའི་དྲུང་ཆེ་བོད་རིགས་ཡིན་པ་དང་། གྲངས་འབོར་དེ་ཕྱི་ལོ་༢༠༢༤ ལོ་དང་བསྡུར་ན་གཅིག་མང་དུ་ཕྱིན་ཡོད་པ་དང་།

གཞན་ཡང་བོད་ནང་དུ་ས་ཁུལ་རིམ་པའི་སྲིད་གཞུང་༡༧ ཡོད་པའི་ནང་ནས་༡༣ གྱི་འགོ་ཁྲིད་༼ཁུལ་དཔོན༽ བོད་རིགས་ཡིན་པ་དང་། དེ་བཞིན་རྫོང་རིམ་པའི་སྲིད་འཛིན་གཉིས་ཡོད་པའི་ནང་ནས་གཅིག་གི་རྫོང་དཔོན་བོད་རིགས་ཡིན་པ། ཀན་སུའུ་ཞིང་ཆེན་གྱི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ། དུས་སྐབས་འདིར་བོད་རིགས་གཅིག་གིས་ཀྱང་འགོ་ཁྲིད་ཀྱི་གོ་གནས་གང་ཡང་བཟུང་མེད་པར་བཀོད་འདུག

མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་༡༧ པའི་ནང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་རྫོང་༼autonomous county༽ གི་རྫོང་དཔོན་བཅས་ནི་ས་གནས་དེར་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་མཁན་གྱི་མི་རིགས་ཀྱི་སྤྱི་དམངས་ཡིན་དགོས། རང་སྐྱོང་ལྗོངས། རང་སྐྱོང་ཁུལ། ཡང་ན་རང་སྐྱོང་རྫོང་བཅས་ཀྱི་མི་དམངས་སྲིད་གཞུང་ནང་གི་ལས་གནས་གཞན་དག་ཀྱང་ཅི་ཐུབ་ཀྱིས། ས་གནས་དེར་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་མཁན་གྱི་མི་རིགས་དང་། གྲངས་ཉུང་མི་རིགས་གཞན་གྱིས་འཁུར་དགོས་ཞེས་རྫོང་དཔོན་གྱི་གོ་གནས་ཚང་མ་བོད་རིགས་ཀྱིས་འཛིན་དགོས་ཀྱི་ཡོད་པ་གསལ་པོ་བཀོད་ཡོད་ན་ཡང་། རྒྱ་གཞུང་གིས་བོད་ནང་རང་ཉིད་ཀྱི་བཅའ་ཁྲིམས་ལག་བསྟར་བྱེད་ཀྱི་མེད་པ་གསལ་པོ་ཡིན་པར་བཀོད་འདུག

གཞན་ཡང་། བོད་ནང་གི་སྤྱི་བདེ་ལས་ཁུངས་༼PSB༽ ཀྱི་དབང་ཆ་ཆེ་བའི་འགོ་ཁྲིད་ཀྱི་གོ་གནས་སུ་བོད་རིགས་ཧ་ཅང་ཉུང་ཉུང་ཡིན་པའི་གནས་སྟངས་༼ཞིང་ཆེན་རིམ་པར་འགོ་ཁྲིད་གཅིག་ཀྱང་མེད་པ་དང་ས་ཁུལ་རིམ་པ་༡༧ ལས་༥ ཙམ་ལས་མེད་པ།༽ ལ་བལྟས་ན། རྒྱ་ནག་དམར་ཤོག་ཚོགས་པས་བདེ་འཇགས་ཀྱི་ལས་འགན་གལ་ཆེན་འཁུར་བའི་ལས་ཁུངས་དེ་དག་གི་འགོ་ཁྲིད་བྱེད་པར་བོད་མི་ཚོར་ཡིད་ཆེས་གཙང་མ་མེད་པའམ། ཡིད་ཆེས་འདང་ངེས་བྱེད་ཀྱི་མེད་པའི་རྣམ་པ་ཞིག་མཚོན་གྱི་ཡོད་པར་བརྗོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།