རྒྱ་གཞུང་གིས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བརྟན་ལྷིང་ལ་གནོད་སྐྱོན་བཟོ་བཞིན་པར་ཐའེ་ཝན་གྱིས་སྐྱོན་བརྗོད་བྱས།

པར། ཨེ་པི་གསར་ཁང་།

ཟླ་འདིའི་ཚེས་༡༨ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་ཐའེ་ཝན་དང་མཉམ་དུ་གཞུང་འབྲེལ་གྱི་འབྲེལ་ལམ་གཅོད་དགོས་པའི་གནོན་ཤུགས་སྤྲད་པར་ཐའེ་ཝན་གྱིས་སྐྱོན་བརྗོད་བྱས་ཡོད་འདུག

རྒྱ་གཞུང་གིས་པ་ལའུ་(Palau) ་རྒྱལ་ཁབ་ལ་ཐའེ་ཝན་དང་མཉམ་དུ་གཞུང་འབྲེལ་གྱི་འབྲེལ་ལམ་གཅོད་དགོས་པའི་གནོན་ཤུགས་སྤྲད་པ་དང་དུས་མཚུངས། ཐའེ་ཝན་མཚོ་འགག་ཏུ་བཙན་ཤེད་ཀྱིས་ས་ཁུལ་གྱི་ཞི་བདེ་ལ་འཇིགས་སྐུལ་བྱེད་བཞིན་པར་བརྟེན། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཀྱི་ཉིན། ཐའེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་ཉེ་བའི་ལོ་ཤས་ནས་རྒྱ་གཞུང་གིས་འཇིགས་སྐུལ་དང་དཔལ་འབྱོར་གྱི་བཙན་གནོན་བརྒྱུད་ནས་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཤུགས་རྐྱེན་རྒྱ་བསྐྱེད་དང་ཁུལ་དེའི་བརྟན་ལྷིིང་ལ་གནོད་སྐྱོན་བཟོ་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་བཞིན་ཐའེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་རིན་ཐང་གཞི་རྩར་འཛིན་པའི་ཕྱོགས་གཉིས་བར་ཡུལ་སྐོར་དང་ཞིང་ལས། སྨན་བཅོས་སོགས་ཀྱི་ཐད་ཕན་ཚུན་བརྗེ་རེས་མུ་མཐུད་སྲ་བརྟན་དུ་གཏོང་རྒྱུ་དང་། ཐའེ་ཝན་གྱིས་པ་ལའུ་དང་བསམ་ཚུལ་མཐུན་པའི་རྒྱལ་ཁབ་གཞན་དག་མཉམ་དུ་ལས་ཀ་བྱས་ནས་ཐའེ་ཝན་དང་པ་ལའུ་དབར་གྱི་མཛའ་འབྲེལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཞི་བདེ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་འདུག

རྒྱ་གཞུང་གིས་དེ་སྔ་ནས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཁག་ལ་ཐའེ་ཝན་དང་འབྲེལ་ཐག་གཅོད་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་དང་། ཕྱི་ལོ་༢༠༡༩ ལོར་རྒྱལ་ཁབ་གསུམ་གྱིས་ཐའེ་ཝན་དང་གཞུང་འབྲེལ་གྱིས་འབྲེལ་ལམ་བཅད་ཡོད་པ་དང་། ད་ལྟའི་ཆར་ཐའེ་ཝན་ནི་རང་བཙན་དང་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་མཁན་ཞི་བདེ་རྒྱ་མཚོ་ཁུལ་དུ་པ་ལའུ་དང་ཏུ་ཝ་ལུ་(Tuvalu)། མར་ཤལ་(Marshall) ་གླིང་ཕྲན་བཅས་གསུམ་ལས་མེད་པ་རེད་འདུག

པ་ལའུ་རྒྱལ་ཁབ་ནི་མི་འབོར་༢༠༠༠༠ ཙམ་ཡོད་པའི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པ་དང་། རྒྱལ་ཁབ་དེའི་ནང་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཆ་༧༠% ་རྒྱ་ནག་ནས་སླེབ་ཀྱི་ཡོད་འདུག བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུའི་ཉིན་ཨེ་པི་གསར་ཁང་གིས་རྒྱལ་ཁབ་དེའི་སྲིད་འཛིན་ཝིཔུ་སི་ལ་(Whipps) ་བཅར་འདྲི་ཞིག་བྱེད་སྐབས། སྲིད་འཛིན་གྱིས་དེ་སྔ་ཕྱི་ལོ་༢༠༢༠ ལོར་ཁོང་ཉིད་སྲིད་འཛིན་གྱི་འོས་མི་ཡིན་པའི་སྐབས། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཏུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་གལ་སྲིད་པ་ལའུ་རྒྱལ་ཁབ་ཀྱི་ལངས་ཕྱོགས་ལ་འགྱུར་བ་བཏང་ན། ཡུལ་དེར་ཡུལ་སྐོར་བ་ས་ཡ་གཅིག་གཏོང་རྒྱུའི་ཁས་ལེན་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

ལོ་འདིའི་ཕྱི་ཟླ་༥ པའི་ནང་པ་ལའུ་ནང་དྲྭ་རྒོལ་(Cyber attack) ་བྱུང་ནས་གཞུང་གི་གལ་ཆེན་ཡིག་ཆ་༢༠༠༠༠ ་ཙམ་རྐུ་མ་ཤོར་བའི་སྐབས། སྲིད་འཛིན་(Whipps) ་གྱིས་རྒྱ་ནག་ལ་ཉེས་འཛུགས་བྱས་ཡོད་འདུག པ་ལའུ་ནི་ཕྱི་ལོ་༡༩༩༤ ལོར་ཨ་རིའི་རྒྱབ་སྐྱོར་འོག་ཉི་ཧོང་གི་དབང་སྒྱུར་འོག་ནས་བཅིངས་འགྲོལ་ཐོབ་ནས་རང་བཙན་རྒྱལ་ཁབ་ཅིག་ཏུ་གྱུར་ཞིང་། དུས་དེ་ནས་བཟུང་ཨ་རི་དང་འབྲེལ་ལམ་ལེགས་པོ་ཉར་ཐུབ་ཡོད་པ་དང་། ཨ་རིིའི་གཞུང་གིས་པ་ལའུ་ལ་བདེ་སྲུང་གི་རྒྱབ་སྐྱོར་དང་རོགས་སྐྱོབ་བྱེད་ཀྱི་ཡོད་འདུག དེ་དང་དུས་མཚུངས་རྒྱ་ནག་གིས་ཀྱང་ཐབས་ཤེས་ཡོད་རྒུ་བཏང་ནས་ཡུལ་དེར་རང་ཉིད་ཀྱི་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་ཡོད་འདུག

པ་ལའུ་རྒྱལ་ཁབ་ཀྱིས་རྒྱ་ནག་དང་འབྲེལ་བ་བྱས་ནས་རྒྱལ་ནང་གི་དཔལ་འབྱོར་སོགས་ཡར་རྒྱས་གཏོང་འདོད་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་དམངས་གཙོ་དང་རང་དབང་། འདྲ་མཉམ་སོགས་ཀྱི་རིན་ཐང་ལ་གུས་བརྩི་དང་། ཐའེ་ཝན་དང་གཞུང་འབྲེལ་བྱེད་རྒྱུ་ཡང་གལ་ཆེན་བརྩི་གི་ཡོད་འདུག རྒྱ་ནག་གཞུང་གིས་སྔར་ལྟར་པ་ལའུ་རྒྱལ་ཁབ་ལ་ཐའེ་ཝན་དང་འབྲེལ་ལམ་གཅོད་དགོས་པའི་གནོན་ཤུགས་མུ་མཐུད་སྤྲོད་ཀྱི་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།