རྒྱ་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུད་དུ་འཛམ་གླིང་ནང་གི་གློག་འདོན་ཆུ་མཛོད་ཆེ་ཤོས་དེ་རྒྱག་རྒྱུའི་ཆོག་མཆན་སྤྲད་འདུག
རྒྱ་ནག་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུད་དུ་ད་ལྟའི་ཆར་འཛམ་གླིང་ནང་གི་གློག་འདོན་ཆུ་མཛོད་ཆེ་ཤོས་ལས་ལྡབ་གསུམ་གྱིས་ཆེ་བའི་གློག་འདོན་ཆུ་མཛོད་གསར་པ་ཞིག་འཛུགས་རྒྱུར་ཆོག་མཆན་སྤྲད་འདུག་པ་དང་། ཆུ་རྒྱུད་ཀྱི་རྒྱལ་ཁབ་དག་གིས་དེ་ལ་སེམས་ཁྲལ་བྱེད་ཀྱི་ཡོད་འདུག
ཟླ་འདིའི་ཚེས་༢༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཞི་ཅིན་ཕིང་གིས་བོད་ཀྱི་ཆུ་ཆེན་དང་པོར་གྲགས་པའི་ཡར་ཀླུང་གཙང་པོའི་བཞུར་རྒྱུད་དུ་འཛམ་གླིང་ཐོག་གི་གློག་འདོན་ཆུ་མཛོད་ཆེ་ཤོས་དེ་འཛུགས་སྐྲུན་བྱ་རྒྱུའི་ཆོག་མཆན་སྤྲད་ཡོད་འདུག་པ་དང་། ཡར་ཀླུང་གཙང་པོ་ནི་བོད་ཀྱི་ལྷོ་ནུབ་ཁུལ་གྱི་གཅོང་རོང་ཟབ་མོ་ནས་འགྲིམས་ཏེ་མཐར་གློ་ཡུལ་བརྒྱུད་རྒྱ་གར་གྱི་ཤར་ཕྱོགས་ཨ་སམ་དང་ཨ་རུ་ན་ཅལ་གྱི་མངའ་སྡེ། དེ་ནས་བྷང་ལ་དེ་ཤེ་བརྒྱུད་རྒྱ་གར་རྒྱ་མཚོར་འབབ་ཀྱི་ཡོད་པར་བརྟེན། རྒྱ་གར་གྱིས་དེ་སྔ་ནས་ཡར་ཀླུང་གཙང་རྒྱུད་དུ་གློག་འདོན་ཆུ་མཛོད་བརྒྱབ་ན་རྒྱ་གར་གྱི་མི་མང་ས་ཡ་མང་པོར་ཤུགས་རྐྱེན་ཐེབས་སྲིད་པའི་སེམས་འཚབ་བྱེད་ཀྱི་ཡོད་འདུག
ཡར་ཀླུང་གཙང་པོའི་ཁྱོན་ཡོངས་ཀྱི་རིང་ཚད་སྤྱི་ལེ་༢༩༠༠ ཡོད་པ་ནས་བོད་ནང་དུ་སྤྱི་ལེ་༡༧༨༧ ཡོད་པ་དང་། བཞུར་ཡུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་༩༣།༥ ཡོད་པ་ནས་བོད་དུ་སྤྱི་ལེ་གྲུ་བཞི་མ་ཁྲི་༢༤།༡༦ ཟིན་ཡོད་འདུག། རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཤིན་ཧྭ་ཡི་གནས་ཚུལ་ལྟར་ན། ད་ལྟའི་ཆར་འཛམ་གླིང་ཐོག་གློག་འདོན་ཆུ་མཛོད་ཆེ་ཤོས་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་(Three Gorges Dam) ཡིན་པ་དང་། གློག་ཁང་དེས་ལོ་རེར་གློག་ཤུགས་ཀི་ལོ་ཝཊ་(KWH) ཐེར་འབུམ་༨༨།༢ འདོན་ཐུབ་ཀྱི་ཡོད་འདུག་ཀྱང་། ད་ཆ་ཡར་ཀླུང་གཙང་རྒྱུད་དུ་འཛུགས་སྐྲུན་བྱེད་འཆར་ཡོད་པའི་གློག་ཁང་གིས་འབྲི་ཆུའི་འགག་གསུམ་གློག་ཁང་ལས་གློག་ཤུགས་ལྡབ་གསུམ་གྱིས་མང་བ་བཟོ་སྐྲུན་ཐུབ་རྒྱུ་ཡིན་པར་བརྗོད་འདུག
རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༣ ལོ་ཞིབ་འཇུག་བྱས་པའི་སྙན་ཐོའི་ནང་། ད་ལྟ་འཛུགས་སྐྲུན་བྱེད་འཆར་ཡོད་པའི་གློག་ཁང་དེས་ལོ་གཅིག་ལ་གློག་ཤུགས་ཀི་ལོ་ཝཊ་ཐེར་འབུམ་༣༠༠ འདོན་ཐུབ་པ་དང་། དེས་མི་གྲངས་ས་ཡ་༣༠༠ ཡིས་ལོ་གཅིག་གི་གློག་ཤུགས་བེད་སྤྱོད་བྱེད་རྒྱུར་འདང་གི་ཡོད་འདུག
དེ་བཞིན་(South china morning post) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཆུ་མཛོད་དེ་ས་གནང་གང་དུ་རྒྱག་རྒྱུ་དང་འཛུགས་སྐྲུན་ག་དུས་བྱེད་རྒྱུར་གསལ་པོ་མེད་ཀྱང་། ལས་གཞི་དེའི་ཆེད་དུ་འགྲོ་སོང་ཨ་སྒོར་ཐེར་འབུམ་༡༣༧ འགྲོ་སྲིད་པ་དང་། འཛམ་གླིང་ཐོག་གློག་འདོན་ཆུ་མཛོད་ཆེ་ཤོས་སུ་འདོད་པའི་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་ཀྱི་ཆེད་དུ་མ་རྩ་ཨ་སྒོར་ཐེར་འབུམ་༣༤།༨༣ ཙམ་མ་གཏོགས་བཏང་མེད་པས། ཐེངས་འདིའི་ལས་གཞིའི་འགྲོ་སོང་ནི་འཛམ་གླིང་ནང་ལས་གཞི་ཞིག་གི་འགྲོ་གྲོན་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག
རྒྱ་ནག་གི་གློག་འདོན་ཆུ་མཛོད་འཛུགས་སྐྲུན་དེའི་སྐོར་ཁ་གསལ་མེད་པར་བརྟེན། རྒྱ་གར་གྱིས་སེམས་འཚབ་བྱེད་དགོས་པ་ཆགས་པ་མ་ཟད། གློག་འདོན་ཆུ་མཛོད་དེའི་དབང་གིས་བློ་བུར་དུ་ཆུ་ལོག་ཡོང་སྲིད་པ་དང་། གཙང་རྒྱུད་ས་ཁུལ་དུ་ཆུ་དཀོན་པོ་ཆགས་སྲིད་པའི་ཐོག་ལ་རྒྱ་གར་གྱིས་སེམས་འཚབ་བྱེད་དགོས་པ་ཆགས་ཡོད་འདུག
ཕྱི་ལོ་༢༠༢༢ ལོར་ས་ཁམས་ཆབ་སྲིད་དང་འཛམ་གླིང་ཐབས་བྱུས་སློབ་སྟོན་པ་ཇེ་ནེ་ཝི་ཝེ་ཌོ་ནེ་ལོན་མེ་(Genevieve Donnellon-may) ཡིས་(AsiaGlobal Online) ཞེས་པའི་ནང་རྩོམ་ཞིག་སྤེལ་བའི་ནང་། ཁོང་གིས་གློག་འདོན་ཆུ་མཛོད་ཀྱི་ལས་གཞི་དེའི་དབང་གིས་ཆུའི་དོན་དུ་རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་དགོས་པའི་གནས་སྟངས་ཤིག་བཟོ་སྲིད་པའི་ཐོག་རྒྱ་གར་གྱིས་སེམས་འཚབ་བྱེད་ཀྱི་ཡོད་པ་དང་། ཡར་ཀླུང་གཙང་པོ་ནི་རྒྱ་གར་གྱི་འཐུང་ཆུའི་ཐོན་ཁུངས་ཀྱི་བརྒྱ་ཆ་༣༠% ཟིན་ཞིང་། གློག་གི་ཐོན་ཁུངས་ཀྱི་བརྒྱ་ཆ་༤༠% ཙམ་ཟིན་གྱི་ཡོད་པ་དང་། ལྷག་པར་དུ་མི་འབོར་འཕེལ་རྒྱས་ལ་བརྟེན། ཆུའི་ཐོན་ཁུངས་ནི་གལ་ཆེ་རུ་ཕྱིན་ཡོད་པ་སོགས། ཡར་ཀླུང་གཙང་པོ་ནི་རྒྱ་དཀར་ནག་གཉིས་ཀའི་དཔལ་འབྱོར་འཕེལ་རྒྱས་ལ་གལ་ཆེན་ཡིན་པར་བརྗོད་འདུག
རོའུ་ཊར་གསར་ཁང་གིས་ཕྱི་ཟླ་༧ པའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུད་དུ་ཆུ་མཛོད་བརྒྱབ་ན། དེའི་ཤུགས་རྐྱེན་ལ་གདོང་ལེན་བྱེད་ཆེད། རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ནང་གློག་འདོན་ཆུ་མཛོད་༡༢ འཛུགས་རྒྱུའི་འཆར་གཞི་བསྒྲིགས་ཡོད་པ་དང་། སྐབས་དེར་རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་ལ་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་ཞེས་བརྗོད་ནས་རྒྱ་གར་གྱི་ས་ཁུལ་དེར་ཆུ་མཛོད་རྒྱག་རྒྱུ་བྱས་པར་ཁོང་ཁྲོ་ལངས་ཡོད་འདུག
རྒྱ་གར་གྱི་གནས་ཚུལ་དབྱེ་ཞིབ་པ་རེ་འགས་རྒྱ་དཀར་ནག་གཉིས་ཀྱི་བར་ཆུའི་ཐོག་འགྲན་རྩོད་ཇེ་ཆེར་འགྲོ་བཞིན་པ་དེས་མཐར་རྒྱལ་ཁབ་གཉིས་དབར་ཆུའི་དམག་འཁྲུག་འབྱུང་སྲིད་པ་རེད་ཅེས་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།