རྒྱ་གཞུང་གིས་ཡར་ཀླུངས་གཙང་པོའི་ཐོག་འཛམ་གླིང་ནང་གི་གློག་ཁང་ཆེ་ཤོས་དེ་རྒྱག་འཆར་དང་རྒྱ་གར་གྱི་སེམས་འཚབ།

རྒྱ་ནག་གཞུང་གིས་བོད་ཀྱི་གཙང་པོ་ཁག་གི་ཐོག་ཏུ་གློག་ཁང་མང་པོ་གསར་རྒྱག་བྱས་ཡོད་པ་བཞིན། ད་ཆར་ཡང་འཛམ་གླིང་ནང་གློག་ཁང་ཆེ་ཤོས་དེ་ཡར་ཀླུངས་གཙང་པོའི་ཐོག་ཏུ་གསར་རྒྱག་བྱེད་འཆར་ཡོད་འདུག མ་འོངས་པར་རྒྱ་གར་གཙོས་པའི་ཆུ་རྒྱུད་ཀྱི་གཞུང་ལ་ཡོད་པའི་རྒྱལ་ཁབ་ཚོའི་བདེ་འཇགས་ལ་ཧ་ཅང་ཉེན་ཁ་ཆེན་པོ་ཆགས་རྒྱུ་ཡིན་འདུག
ཕྱི་ཚེས་༡༥ ཉིན་(EurAsian Times)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆར་རྒྱ་ནག་གིས་བོད་ཀྱི་ཆུ་བོ་ཡར་ཀླུངས་གཙང་པོའི་ཐོག་འཛམ་གླིང་ནང་གི་གློག་ཁང་ཆེ་ཤོས་དེ་གསར་རྒྱག་བྱེད་འཆར་ཡོད་འདུག་པ་དང་། མ་འོངས་པར་གློག་ཁང་དེ་ལ་བརྟེན་ནས་རྒྱ་གར་གྱི་བདེ་འཇགས་ལ་ཧ་ཅང་ཉེན་ཁ་ཆེན་པོ་ཆགས་རྒྱུ་ཡིན་འདུག རྒྱུ་མཚན་ནི་གློག་ཁང་དེའི་ཆེད་དུ་གཙང་པོའི་ཆུ་ཕོན་ཆེན་པོ་ཆུ་མཛོད་ནང་འགོག་དགོས་པ་དང་། གལ་སྲིད་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་དང་འཁྲུག་འཛིང་རིགས་བྱུང་ཚེ། རྒྱ་ནག་གིས་བོད་ཀྱི་ཡར་ཀླུངས་གཙང་པོའི་ཆུ་རྣམས་གློ་བུར་དུ་གློད་ན་ཆུ་བོའི་གཞུང་བརྒྱུད་དུ་ཡོད་པའི་ཟམ་པ་དང་། གྲོང་གསེང་། ཞིང་ཁ། གཞུང་ལམ། གློག་ཁང་སོགས་ཡོད་ཚད་དུས་ཡུན་ཐུང་ཐུང་ནང་ཆུ་ཡིས་རྩ་མེད་གཏོང་ཐུབ་ཀྱི་ཡོད་པས། གློག་ཁང་དེ་རྒྱ་གར་གྱི་བདེ་འཇགས་ལ་ཧ་ཅང་གིས་ཉེན་ཁ་ཡིན་འདུག གློག་ཁང་དེ་ནི་རྒྱ་ནག་དང་བོད་ཀྱི་ས་ཐོག་ཡོད་པའི་གློག་ཁང་ཚང་མའི་ནང་ནས་ཆེ་ཤོས་དེ་འགྱུར་རྒྱུ་ཡིན་འདུག་ལ། ཡར་ཀླུངས་གཙང་པོ་ལ་བོད་གཙོས་པའི་རྒྱ་གར་དང་། འབྲུག བྷང་ལ་དྷེ་ཤི་བཅས་ཁྱོན་མི་ས་ཡ་༡་༨ ཙམ་གྱིས་འཚོ་རྟེན་བྱེད་ཀྱི་ཡོད་འདུག རྒྱ་ནག་གིས་གཙང་པོ་སྟངས་འཛིན་བྱེད་པའི་ཆེད་དུ་བརྒྱབས་པའི་ཆུ་རགས་མང་པོ་ཡོད་པའི་ནང་ནས་ད་ལྟ་གསར་རྒྱག་བྱེད་འཆར་ཡོད་པའི་ཆུ་མཛོད་ཆེན་པོ་དེ་ཡང་ཁ་སྣོན་བྱས་ཡོད་འདུག
ཆུ་མཛོད་ཆེན་པོ་དེའི་མིང་ལ་ཆུ་མཛོད་ཀུན་གྱི་མ་ཞེས་མིང་བཏགས་ཡོད་འདུག་པ་དང་། ཆུ་མཛོད་ཀུན་གྱི་མ་དེས་སྐམ་དུས་སུ་གཙང་པོའི་རྒྱུག་ཆུ་འགོག་ཐུབ་པ་དང་། ཆར་དུས་སུ་མིས་བཟོས་ཆུ་ལོག་སློང་ཐུབ་ཀྱི་ཡོད་འདུག རྒྱུ་མཚན་དེར་བརྟེན་ནས་རྒྱ་གར་ལ་བདེ་འཇགས་ཐད་སེམས་འཚབ་འབྱུང་བཞིན་ཡོད་འདུག་པས། རྒྱ་གར་གཞུང་གིས་ཀྱང་ཨ་རུ་ན་ཅལ་གྱི་ཤིས་ཨན་( Siang )རྫོང་སྟོད་མའི་ནང་དུ་(the Siang)་ཤིས་ཨན་གཙང་པོའི་ཐོག་ཏུ་གློག་ཁང་ཞིག་གསར་རྒྱག་བྱེད་འཆར་ཡོད་འདུག་པ་དང་། དེའི་ཆེད་དུ་ཆུ་མཛོད་གསར་རྒྱག་བྱེད་འཆར་ཡོད་འདུག་པ་དང་། ཆུ་མཛོད་དེའི་ནང་དབྱར་ཁའི་ཆར་དུས་སུ་ཆུ་ཤོང་ཚད་(cubic meters )སྦི་སྤྱི་མི་ཊར་ཐེར་འབུམ་ ༩ ལྷག་ཙམ་ཞིག་ཤོང་གི་ཡོད་པའི་ཆུ་མཛོད་ཅིག་ཚུད་ཡོད་འདུག འདི་ནི་རྒྱུགས་ཆུ་ཉུང་དུ་ཕྱིན་པའི་སྐབས་སུ་ཆུ་ཟུར་དུ་གསོག་འཇོག་བྱེད་ཐུབ་ཀྱི་ཡོད་འདུག་པ་དང་། ཡང་ན་གལ་སྲིད་རྒྱ་ནག་གིས་གློ་བུར་དུ་ཆུ་གློད་པའི་སྐབས་སུ་ཨ་རུ་ན་ཅལ་དང་ཨ་སམ་གྱི་ཆུ་བརྒྱུད་དུ་ཡོད་པའི་ས་ཁུལ་ཁག་ལ་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཡིན་འདུག རྒྱ་གར་གྱིས་བདེ་འཇགས་ལ་སེམས་འཚབ་བྱེད་པ་དེ་ཡང་རྒྱུ་མཚན་མེད་པ་ཞིག་ཡིན་མིན་འདུག་སྟེ། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གིས་སྔོན་བརྡ་མེད་པའི་ཐོག་བདུན་ཕྲག་གསུམ་རིང་རྫ་ཆུ་(the Mekong)མེ་ཀོང་རྒྱུགས་ཆུ་བརྒྱ་ཆ་ ༥༠ བཀག་འགོག་བྱས་ཡོད་འདུག་པ་དང་། རྒྱུགས་ཆུ་བཀག་འགོག་བྱས་པ་དེ་གློག་སྐུད་ཉམས་གསོའི་ཆེད་དུ་ཡིན་པའི་རྣམ་པ་བསྟན་ཡོད་འདུག་ཀྱང་། དེས་ཤར་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁམ་བྷོ་ཌི་ཡ་དང་། ལའོ་སི། འབར་མ། ཐའེ་ལན་ཌི། ཝི་ཏི་ནམ་བཅས་ཀྱི་ཆུ་བརྒྱུད་དུ་གནས་པའི་མི་ས་ཡ་མང་པོར་ཤུགས་རྐྱེན་ཐེབས་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོར། རྫ་ཆུའི་སྟོད་དུ་ཡོད་པའི་ཆུ་མཛོད་ནང་ཆུའི་འབོར་ཚད་གསར་པ་ཞིག་བཟུང་ཡོད་འདུག་པ་དང་། ལོ་དེར་ཆར་དུས་སུ་ས་ཁུལ་དེ་དག་གི་ནང་ཆར་ཆུ་ཚད་ཧ་ཅང་མཐོན་པོ་བྱུང་ཡོད་འདུག་ཀྱང་། ཆུ་མཛོད་ནང་རྒྱ་ནག་གིས་ཆུ་བཀག་པའི་རྐྱེན་གྱིས་གཙང་པོའི་གཞུང་བརྒྱུད་དུ་ཡོད་པའི་རྒྱལ་ཁབ་ཚོར་སྤྱིར་བཏང་ཆར་དུས་སུ་སྔར་བྱུང་མ་མྱོང་བའི་ཐན་པ་ཞིག་བྱུང་ཡོད་འདུག
ཕྱི་ལོ་ ༢༠༡༩ ནས་བཟུང་། ཐའེ་ལན་ཌི་དང་། ཁམ་བྷོ་ཌི་ཡ། ཝི་ཏི་ནམ་བཅས་ཀྱིས་ད་བར་ཐོ་འགོད་བྱས་པའི་ནང་ནས་ཆེས་ཚབས་ཆེ་ཤོས་དང་དུས་ཡུན་རིང་ཤོས་ཀྱི་ཐན་པ་མྱངས་ཡོད་འདུག ས་ཁུལ་དེའི་དཔལ་འབྱོར་དང་ཟས་བཅུད་བདེ་འཇགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་ཅིང་། ཞིང་པ་ཚོས་ལོ་ཏོག་ལ་བར་ཆད་ཆེན་པོ་བྱུང་ཡོད་འདུག ཆུའི་ནང་ཉ་རིགས་ཀྱི་གྲངས་འབོར་ཉུང་དུ་ཕྱིན་ཡོད་ཅིང་། ཆུ་མཛོད་ནང་ཤོང་ཚད་ལས་ཆུ་ཉུང་དུ་ཕྱིན་ཡོད་འདུག ད་ལྟའི་ཆར་ཡར་ཀླུངས་གཙང་པོ་ནི་འཛམ་གླིང་གི་རྒྱལ་ཁབ་མང་པོ་ནས་བརྒྱུད་པའི་གཙང་པོ་ཆེ་ཤོས་ཁྲོད་ཀྱི་གཅིག་ཡིན་འདུག་པ་དང་། དེ་ནི་བོད་མཐོ་སྒང་ནས་འགོ་ཚུགས་ཏེ། ཧི་མ་ལ་ཡའི་བརྒྱུད་སྤྱི་ལེ་ ༢,༩༠༠ རྒྱུག་གི་ཡོད་འདུག དེ་ནས་རྒྱ་གར་དུ་འཛུལ་ཏེ་ཨ་སམ་དང་ཨ་རུ་ན་ཅལ་མངའ་སྡེ་གཉིས་བརྒྱུད་དེ་རྒྱུག་གི་ཡོད་ཅིང་། རྒྱ་གར་ནང་གཙང་པོ་དེ་ལ་Brahmaputra་བྷ་མ་པུ་ཏྲ་ཞེས་འབོད་ཀྱི་ཡོད།
(Siang)ནི་ཡར་ཀླུངས་གཙང་པོའམ། བྷ་མ་པུ་ཏྲ་ཆུ་བོའི་ཡན་ལག་ཅིག་ཡིན་འདུག་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཆུའི་ཆུ་མདོག་ནག་པོར་གྱུར་ཏེ་འཐུང་ཆུར་བེད་སྤྱོད་མེད་པར་གྱུར་ཡོད་འདུག སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཏང་བ་དང་། ས་གནས་ཀྱི་སོ་ནམ་ཐོན་སྐྱེད་ལ་གནོད་སྐྱོན་བཟོས་པ་བཅས་བྱུང་ཡོད་འདུག སྐབས་དེ་དུས་རྒྱ་གར་གྱི་དཔོན་རིགས་ཚོས་མངོན་གསལ་དོད་པོས་རྒྱ་ནག་ལ་སྐྱོན་འཛུགས་བྱས་ཡོད་འདུག་ཀྱང་། རྒྱ་ནག་གིས་སྐྱོན་འཛུགས་དེ་དག་ནི་གཞི་མེད་ཡིན་ཚུལ་བརྗོད་དེ་ཁས་ལེན་བྱས་ཡོད་མེད་འདུག མཁས་པ་ཚོས་ཡར་ཀླུངས་གཙང་པོའམ་བྷ་མ་པུ་ཏྲ་ལྟ་བུའི་གཙང་པོ་ཚོའི་སྟེང་དུ་ཆུ་རགས་བརྒྱབ་པ་དེས་རྒྱ་ནག་ལ་ཆུ་བོ་དེའི་གཤམ་འོག་ཏུ་རྒྱུག་པའི་ཆུ་མང་ཉུང་ལ་ཚོད་འཛིན་བྱེད་པའི་ནུས་པ་སྤྲོད་ཀྱི་ཡོད་པར་བརྗོད་འདུག
ལྷོ་ཀོ་རི་ཡའི་སྲིད་བྱུས་འཆར་གཞིའི་ལྷན་ཚོགས་ཀྱི་དམིགས་བསལ་སློབ་སྟོན་པ་(Neeraj Singh Manhas)ནེ་ར་ཇི་སིང་མན་ཧ་སི་ཡིས་གཙང་པོའི་ཐོག་ཆུ་མཛོད་བརྒྱབས་པ་དེ་ཡིས་རྒྱ་ནག་ལ་ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་ཆུ་བོ་དེ་དག་ལག་ཆར་བེད་སྤྱོད་བྱེད་ཐུབ་པའི་ནུས་པ་ཞིག་སྤྲོད་ཀྱི་ཡོད་པ་དང་། དེས་ཞིང་ཆུ་གཏོང་བ་དང་། གློག་ཤུགས་བཟོ་བ། ཡང་ན་ཆུ་ལོག་སྔོན་འགོག་བཅས་ཀྱི་ཆེད་དུ་ཆུའི་མང་ཉུང་ཚད་ལ་བཟོ་བཅོས་བྱེད་སྲིད་པས། དེས་རྒྱ་གར་དང་བྷང་ལ་དྷེ་་ཤི་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅེས་བརྗོད་ཡོད། ད་དུང་ཁོང་གིས་རྒྱ་ནག་ལ་མཚོན་ན། གཙང་པོ་ཆེན་པོ་ཚོའི་འགོ་ཁུངས་ལ་སྟངས་འཛིན་བྱེད་ཐུབ་པ་དེ་ཡིས་ཆུ་རྒྱུད་གཤམ་འོག་ཏུ་ཡོད་པའི་རྒྱལ་ཁབ་ཚོ་དང་གྲོས་མོལ་བྱེད་སྐབས་ལག་ནང་ཡོད་པའི་གོ་སྐབས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱ་གར་ལ་མཚོན་ན། གཙང་པོ་མང་ཆེ་བའི་ཆུའི་ཡོང་ཁུངས་དེ་རྒྱ་ནག་གི་ལག་ནང་ཡོད་ཅིང་། དེ་ཡིས་རྒྱ་གར་ལ་འགོག་རྐྱེན་བཟོ་ཡི་ཡོད་པར་བརྗོད། དེ་བཞིན་རྒྱ་གར་ནི་ཆུ་རྒྱུད་འོག་མའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། དེའི་སོ་ནམ་ཞིང་ལས་དང་། ཆུའི་བདེ་འཇགས་ལ་མཚོན་ན་ཆུའི་སྟོད་ཀྱི་ཆུ་རྒྱུན་ལ་བརྟེན་དགོས་པས། དེས་རྒྱ་ནག་གིས་ཆུ་སྟོད་དུ་སྤེལ་བའི་ལས་དོན་གང་རུང་ལ་བརྟེན་དགོས་པའི་གནང་སྟངས་སྐྱོ་བོ་ཞིག་ཆགས་ཡོད་པར་བརྗོད་འདུག
བོད་ཀྱི་ཆུ་བོ་ཡར་ཀླུངས་གཙང་པོ་ནི་བོད་ནས་བརྒྱུད་དེ་རྒྱ་གར་དང་། བྷང་ལ་དྷེ་ཤི་སོགས་ནང་རྒྱུག་གི་ཡོད་ཅིང་། ཁྱོན་སྤྱི་ལེ་༣༠༠༠ ཙམ་རྒྱུག་གི་ཡོད་འདུག བོད་ཀྱི་ཡར་ཀླུང་གཙང་པོ་ནི་འཛམ་གླིང་ནང་ས་ཁམས་མཐོ་ཤོས་སུ་རྒྱུག་མཁན་ཆུ་བོ་གཅིག་ཡིན་འདུག འོན་ཀྱང་། འདས་པའི་ལོ་ཤས་ནང་རྒྱ་ནག་གིས་ཡར་ཀླུངས་གཙང་པོའི་ཐོག་གློག་ཁང་གི་ཆེད་དུ་ཆུ་མཛོད་མང་པོ་བརྒྱབས་ནས་ཆུའི་མགྱོགས་ཚད་ལ་བཀག་འགོག་བྱས་ཡོད་འདུག རྒྱ་ནག་གི་ངོས་ནས་འགྲེལ་བརྗོད་བྱེད་དོན་ལ། གཙང་པོའི་ཐོག་ཆུ་མཛོད་གསར་རྒྱག་བྱས་ནས་བོད་ནང་ཁོར་ཡུག་དང་མི་མང་གི་འཚོ་བ་ཡར་རྒྱས་གཏོང་རྒྱུ་ཡིན་ཚུལ་རྗོད་ཀྱི་ཡོད་འདུག་ཀྱང་། རྒྱ་དཀར་ནག་གཉིས་བར་བོད་ཀྱི་གཙང་པོ་དང་འབྲེལ་ནས་རྩོད་རྙོག་ཡོང་གི་ཡོད་འདུག འདས་པའི་དུས་ཡུན་ནང་རྒྱ་དཀར་ནག་གཉིས་བར་འབྲོག་ལམ་གྱི་དོན་རྐྱེན་བྱུང་བ་ནས་བཟུང་རྒྱ་ནག་གིས་བོད་ཀྱི་ཆུ་བོ་དག་ཆབ་སྲིད་ཀྱི་ལག་ཆ་བེད་སྤྱོད་བྱས་ནས་ཆུ་བོའི་གཤམ་དུ་ཡོད་པའི་རྒྱལ་ཁབ་ཚོར་སེམས་འཚབ་བཟོ་ཡི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།