རྒྱ་གཞུང་གིས་ཡུ་གུར་མི་རིགས་ཚོར་སྟངས་འཛིན་གསར་པ།

རྒྱ་གཞུང་གིས་ཡུ་གུར་བ་ཚོར་ཕྱི་སྐྱོད་ལག་ཁྱེར་ཞུ་སྐབས་སུ། རང་ཉིད་ཀྱི་མཛུབ་ཐེལ་དང། སྐད་སྒྲ་འཇུག ངོ་རྟགས་ཆོད་བྱེད་ཀྱི་རིགས་རྒྱུད་ས་བོན་གྱི་རྫས། སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་ལེན་གྱི་ཡོད་འདུག

13389067_1185074248183109_1095263408_oདེ་ཡང་ཟླ་འདིའི་ཚེས་༧ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། རྒྱ་ནག་གི་ཡུ་གུར་མི་རིགས་ཚོར་ཕྱི་སྐྱོད་ཀྱི་ལག་ཁྱེར་ཐོབ་པར། དོ་དམ་དང་སྟངས་འཛིན་གྱི་ཆ་རྐྱེན་གསར་པ་བཟོས་ཡོད་པ་དང། དེ་ཡང་ཟླ་འདིའི་ཚེས་༡ ཉིན་ནས་འགོ་འཛུགས་བྱས་ཡོད་འདུག

རྒྱ་གཞུང་གིས་ཡུ་གུར་མི་རིགས་ཀྱི་ས་གནས་ཁག་ལ། དྲག་པོའི་གནས་ཚུལ་རྣམས་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཚོའི་བྱེད་ལས་ཡིན་པའི་ངོས་འཛིན་ཐོག ཁུལ་དེ་དག་ལ་ཁ་ཆེའི་བསྙུང་གནས་ཀྱི་དུས་ཚིགས་ཀྱང་སྲུང་བརྩི་བྱེད་བཅུག་གི་མེད་པར་བརྟེན། མི་རིགས་དབྱེ་འབྱེད་ཤུགས་ཆེན་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་ཀྱང། རྒྱ་གཞུང་ནས་འགྱུར་བ་གང་ཡང་མེད་ཁར། སྲིད་བྱུས་གསར་པ་མང་པོ་ལག་ལེན་བསྟར་བཞིན་ཡོད་པ་རེད།

བོད་མི་ཚོར་ཡང་ཕྱི་སྐྱོད་ལག་ཁྱེར་ཐོབ་པར་དཀའ་ངལ་ཆེན་པོ་ཡོད་པ་མ་ཟད། ཁམས་དང་ཨ་མདོ་ཕྱོགས་ནས་ལྷ་སར་འགྲོ་བར་ཡང་སྟངས་འཛིན་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།