རྒྱ་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་སུམ་ཅུའི་མིང་བསྒྱུར་བ་ལ་རྒྱ་གར་གྱི་ལན་འདེབས།

ཟླ་འདིའི་ཚེས་༢ ཉིན་(India Today) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་སུམ་ཅུ་ལ་མིང་གསར་པ་བཏགས་ནས་ཕྱིར་བསྒྲགས་བྱས་ཡོད་ཀྱང་། རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེ་ནི་ཁ་འབྲལ་ཐབས་མེད་པའི་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་པར་བརྗོད་འདུག

པར། NDTV

རྒྱ་གཞུང་གིས་རྒྱ་གར་གྱི་མངའ་ཁོངས་སུ་ཡོད་པའི་ཨ་རུ་ན་ཅལ་མངའ་སྡེའི་ས་ཆ་༣༠ ལ་མིང་གསར་པ་བཏགས་ཡོད་པ་དང་། མིང་བཏགས་པའི་ས་ཆ་༣༠ ཡི་ནང་རི་བོ་༡༢། དང་ཆུ་བོ་༤ ། མཚེའུ་༡ དང་ས་ཁྱོན་༡། གྲོང་མི་སྡོད་ཁུལ་༡༡། ས་གཞི་ཆུང་ངུ་༡ བཅས་ཚུད་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༧ ལོར་ཨ་རུ་ན་ཅལ་གྱི་ས་གནས་ཁག་༦ ལ་མིང་གསར་པ་བཏགས་པའི་རྗེས། ཕྱི་ལོ་༢༠༢༡ ལོ་ས་གནས་ཁག་༡༥ དང་ཕྱི་ལོ་༢༠༢༣ ལོ་ས་གནས་ཁག་༡༡ བཅས་ལ་མིང་གསར་པ་བཏགས་མྱོང་ཞིང་། ད་རེས་དེ་ཐེངས་བཞི་པ་དང་ས་ཆ་ལ་མིང་གསར་པ་བཏགས་པ་མང་ཤོས་དེ་གྱུར་ཡོད་འདུག

རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་པ་མ་ཟད། དེའི་བདག་དབང་ཡོངས་རྫོགས་རྒྱ་གར་ལ་ཁོ་ནར་ཡོད་ཅེས་དང་། རྒྱ་ནག་གིས་མངའ་སྡེའི་ས་ཆ་ལ་མིང་གསར་པ་བཏགས་པ་དེས་དངོས་ཡོད་གནས་ཚུལ་ལ་འགྱུར་ལྡོག་འགྲོ་མི་སྲིད་ཅེས་བཤད་ཡོད་འདུག

གནས་ཚུལ་དེ་དང་འབྲེལ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས། གལ་སྲིད་ངས་དེ་རིང་ཁྱེད་ཀྱི་ཁང་པའི་མིང་བསྒྱུར་ན། དེ་ངའི་འགྱུར་སྲིད་དམ། ཨ་རུ་ན་ཅལ་མངའ་སྡེ་ནི་ད་ལྟ་དང་འདས་པ། མ་འོངས་པ་ཡང་རྒྱ་གར་གྱི་མངའ་སྡེ་ཞིག་ཡིན་པ་དང་མིང་བསྒྱུར་བར་ཕན་ནུས་གང་ཡང་མེད་ཅེས་བརྗོད་འདུག

ད་ལྟའི་ཆར་རྒྱ་དཀར་ནག་གཉིས་འབྲེལ་ལམ་ཡག་པོ་མེད་པ་དང་། ཟླ་བ་སྔོན་མའི་ནང་རྒྱ་གར་གྱི་སྲིད་བློན་ཨ་རུ་ན་ཅལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་བྱས་པར་རྒྱ་གཞུང་གིས་དགག་བྱ་བྱས་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གྱིས་ས་མཚམས་ཁག་ལ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཇེ་ཆེར་གཏོང་བཞིན་པར་བརྟེན། རྒྱ་གཞུང་ལ་སེམས་འཚབ་ཡོང་གི་ཡོད་འདུག རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་གར་གྱི་ཡིན་ཞེས་བརྗོད་པ་ལྟར། ཉེ་ཆར་ཨ་རིའི་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་གར་གྱི་ས་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།