རྒྱ་གཞུང་གིས་ཨོ་སི་ཊོ་ལི་ཡའི་གསར་འགོད་པ་ཞིག་བཙོན་དུ་བཅུག་ནས་ཉིན་གྲངས་༡༠༠༠ ཕྱིན་འདུག
རྒྱ་ནག་གཞུང་གིས་ཨོ་སི་ཊོ་ལི་ཡའི་གསར་འགོད་པ་ཞིག་བཙོན་འཇུག་བྱས་ནས་ཉིན་གྲངས་༡༠༠༠ ཕྱིན་ཡོད་ཀྱང་། ད་དུང་ཁྲིམས་ཐག་བཅད་མེད་པ་མ་ཟད། ནང་མི་ཚོས་ཁོང་གི་གནས་སྟངས་་ཤེས་རྒྱུ་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཨོ་སི་ཊོ་ལི་ཡའི་གསར་འགོད་པ་ཁྲིན་ལེད་(Cheng Lei) ཟེར་བ་ཞིག་བཙོན་འཇུག་བྱས་ནས་ཉིན་གྲངས་༡༠༠༠ འཁོར་གྱི་ཡོད་ན་ཡང་། ད་དུང་གསར་འགོད་པ་ཁོང་ལ་ཁྲིམས་ཐག་བཅད་མེད་པ་མ་ཟད། ནང་མི་ཚོས་ཁོང་གིས་ཉེས་པ་ཅི་ཞིག་བསགས་ཡོད་མེད་ཤེས་ཀྱི་མེད་པ་རེད་འདུག
གསར་འགོད་པ་ཁྲིན་ནི་རྒྱ་ནག་ཏུ་སྐྱེས་ཞིང་ཆུང་དུས་ནས་ཕ་མ་གཉིས་དང་ལྷན་དུ་ཨོ་སི་ཊོ་ལི་ཡ་ལ་གནས་སྤོ་བྱས་པ་དང་། གསར་འགོད་པ་ཁོང་ནི་ཕྲུ་གུ་གཉིས་ཀྱི་ཨ་མ་ཡིན་པ་དང་། ཕྱི་ལོ་༢༠༡༢ ནས་ཁོང་ཉིད་རྒྱ་ནག་ཏུ་བསྡད་ནས་(CGTN) ཞེས་པའི་གསར་འགྱུར་ཁང་དུ་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད་འདུག
ཕྱི་ལོ་༢༠༢༠ ཟླ་༨ ཚེས་༡༣ ཉིན་རྒྱ་ནག་གཞུང་གིས་ཁོང་ཉིད་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཁོང་གིས་ཁྲིམས་འགལ་གྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱི་རྒྱལ་ལ་མཁོ་སྤྲོད་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་ཁོང་ཉིད་འཛིན་བཟུང་མ་བྱས་པའི་སྔོན་དུ་ཁོང་གིས་ངོ་དེབ་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལ་ཡང་སྐྱོན་བརྗོད་བྱས་ཡོད་འདུག
ཕྱི་ལོ་༢༠༡༩ ལོ་རྒྱ་ནག་གཞུང་གིས་གསང་མྱུལ་བའི་ཉེས་འཛུགས་ཀྱིས་ཨོ་སི་ཊོ་ལི་ཡའི་མི་སེར་རྩོམ་པ་པོ་(Yang Hengjun) ཞེས་པ་ཞིག་འཛིན་བཟུང་བྱས་ཡོད་པ་དང། འདས་པའི་ལོ་ཁ་ཤས་ནང་རྒྱ་ནག་གཞུང་གིས་ཁྲིམས་གཅོད་ཕྱིར་འགྱངས་ཐེངས་བདུན་ཙམ་བྱས་ཡོད་འདུག གསར་འགོད་པ་ཁྲིན་ནི་རྒྱ་ནག་གཞུང་གིས་གསང་མྱུལ་བའི་མིང་ཐོག་ནས་འཛིན་བཟུང་བྱས་པའི་ཨོ་སི་ཊོ་ལི་ཡའི་མི་སེར་གྲགས་ཆེ་བ་ཞིག་ཡིན་པ་དང་། ཁོང་གཉིས་ནི་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་ཨོ་སི་ཊོ་ལི་ཡའི་མི་སེར་ཡིན་པའི་རྒྱ་མི་གྲགས་ཆེ་བ་གཉིས་ཆགས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།