རྒྱ་གཞུང་གིས་ཨོ་སི་ཊོ་ལི་ཡའི་མི་སེར་ཞིག་ལ་སྲོག་ཐོག་ཉེས་ཆད་བཅད་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་རྒྱལ་བ་མང་པོས་གསང་བ་རྐུ་འཁྱེར་བྱེད་ཀྱི་ཡོད་ཚུལ་བརྗོད་ནས་ཁྲིམས་ཐག་གཅོད་ཀྱི་ཡོད་པ་ལྟར། ཉེ་ཆར་ཨོ་སི་ཊོ་ལི་ཡའི་མི་སེར་ཞིག་ལ་སྲོག་ཐོག་ཉེས་ཆད་བཅད་ཡོད་འདུག

ཕྱི་ཚེས་༥ ་ཉིན་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་ལྷན་ཁང་གིས་བརྗོད་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཨོ་སི་ཊོ་ལི་ཡའི་མི་སེར་ཡིན་པའི་འབུམ་རམས་པ་ཡང་ཅུན་(Dr Yang Jun) ་ཟེར་བའི་རྩོམ་པ་པོ་ཞིག་ལ་སྲོག་ཐོག་ཉེས་ཆད་བཅད་ཡོད་འདུག

ཕྱི་ལོ་༢༠༡༩ ་ལོར་རྒྱ་གཞུང་གིས་ཁོང་ལ་གསང་ཉུལ་བའི་ཉེས་མིང་བཙུགས་ནས་རྒྱ་ནག་ཏུ་འཛིན་བཟུང་བྱས་ཡོད་འདུག རྩོམ་པ་པོ་ཁོང་གིས་སྔོན་ཆད་རྒྱ་ནག་གཞུང་གི་ནང་ལས་ཀ་བྱེད་མྱོང་བ་དང་། ཕྱི་ལོ་༢༠༠༢ ལོར་ཨོ་སི་ཊོ་ལི་ཡའི་མི་སེར་དུ་གྱུར་ཏེ་སི་ཌི་ནའི་མཐོ་སློབ་(University of Technology Sydney) ནས་འབུམ་རམས་པའི་ལག་ཁྱེར་བླངས་རྗེས། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ཁོ་ལུམ་བྷི་ཡའི་མཐོ་སློབ་ཏུ་ལས་ཀ་བྱས། འཛིན་བཟུང་མ་བྱས་པའི་སྔོན་ལ། ཁོང་གིས་རྒྱ་ཡིག་ཐོག་ནས་རྒྱ་ནག་གི་ད་ལྟའི་གནས་སྟངས་དང་རྒྱལ་སྤྱིའི་འབྲེལ་ལམ་སྐོར་གྱི་རྩོམ་ཡིག་མང་པོ་སྤེལ་བ་དང་། ཁོང་གི་རྩོམ་ཡིག་ལ་དོ་ཁུར་ལྟ་ཀློག་བྱེད་མཁན་མི་གྲངས་༡༣༠,༠༠༠ ལྷག་བྱུང་ཡོད་འདུག

ཁོང་གི་བཟའ་ཟླ་ནི་ཨོ་སི་ཊོ་ལི་ཡའི་ནང་གཏན་སྡོད་བྱེད་མཁན་ཞིག་ཡིན་ཀྱང་ད་ཆར་རྒྱ་ནག་ནང་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་རྒྱ་ནག་གི་ཕྱི་ཕྱོགས་སུ་འགྲོ་མི་ཆོག་པ་བཟོས་ཡོད་འདུག  སྔ་ལོ་ཕྱི་ཟླ་༡༡ ་ནང་ཨོ་སི་ཊོ་ལི་ཡའི་སྲིད་བློན་(Anthony Albanese ) ་རྒྱ་ནག་ལ་ལྟ་སྐོར་འགྲོ་བའི་སྐབས་ (Dr Yang Jun) ་ཡི་བུས་སྤྱི་ཚོགས་དྲྭ་ལམ་ཐོག་ཁོང་གི་ཕ་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་གྱི་ཡི་གེ་ཞིག་བཀྲམ་ཡོད་འདུག ད་ཆར་རྩོམ་པ་པོ་ཁོང་ལ་སྲོག་ཐོག་ཉེས་ཆད་བཅད་ཡོད་པ་དེ་ཡིས་ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཐད་ཤུགས་རྐྱེན་སྤྲད་རྒྱུ་ཡིན་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།