རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོ་སྨན་ཁང་དུ་ཁྲིད་དེ་ཀླད་པའི་བྱེད་ལས་ཉམས་སུ་འཇུག་གི་ཡོད་འདུག
རྒྱ་ནག་ནང་སྲིད་གཞུང་དང་ཞི་ཅིན་ཕིང་ལ་ངོ་རྒོལ་བྱེད་མཁན་སློབ་ཕྲུག་དང་བཟོ་གྲྭ་ཁག་གི་ལས་མི་མང་དུ་འགྲོ་བཞིན་པར་བརྟེན། རྒྱ་གཞུང་གིས་ཁོང་ཚོ་ལ་སེམས་འཁྲུག་པའི་ནད་ཡོད་ཚུལ་དང་ཁོང་ཚོ་ནི་སེམས་ཁམས་མི་བརྟན་པའི་མི་རེད་ཅེས་བརྗོད་ནས། སྨན་ཁང་དུ་བཅུག་ནས་ཀླད་པའི་བྱེད་ལས་ཉམས་བྱེད་ཀྱི་སྨན་རྫས་སྤྲོད་ཀྱིི་ཡོད་པར་བརྗོད་འདུག་ལ། རྒྱ་ནག་ནང་མི་དམངས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེད་རྒྱལ་ཡོངས་སུ་གློག་མིག་ས་ཡ་༧༠༠ ལྷག་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་དང་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་བྱེད་མཁན་རྒྱལ་ནང་གི་སློབ་ཕྲུག་དང་བཟོ་གྲྭ་ཁག་གི་ལས་མི་མང་དུ་འགྲོ་བཞིན་པར་བརྟེན། རྒྱ་གཞུང་གིས་ངོ་རྒོལ་བ་ཚོ་འཛིན་བཟུང་བྱས་ཤིང་། ཁོང་ཚོ་ལ་སེམས་ཁམས་འཆོལ་བའི་ནད་(Schizophrenia) ཡོད་ཚུལ་དང་། བློ་རྩ་མི་བརྟན་པའི་མི་རེད་ཅེས་བརྗོད་དེ་སེམས་ཀྱི་ནད་གསོ་ཁང་དུ་བཏང་ནས། སྨན་ཁང་དུ་ཀླད་པའི་བྱེད་ལས་ཉམས་བྱེད་ཀྱི་སྨན་སྤྲོད་ཀྱི་ཡོད་འདུག
སྨན་ཁང་དུ་དཀའ་སྡུག་མྱངས་མྱོང་མཁན་ཀྲང་ཅོན་ཇེ་(Zhang Junjie) ཟེར་བ་ཞིག་གིས། ཁོང་གིས་གཙུག་ལག་སློབ་གྲྭའི་ཕྱི་ལོགས་སུ་ཏོག་དབྱིགས་གཉན་རིམས་༡༩ པ་དང་འབྲེལ་བའི་རྒྱ་གཞུང་གི་དམ་དྲག་ཆེ་བའི་སྲིད་བྱུས་ལ་ངོ་རྒོལ་བྱས་ནས་སྐར་མ་ལྔ་ཙམ་གྱི་རྗེས། སློབ་གྲྭའི་དགེ་རྒན་གྱིས་ཁོང་གི་ཨ་ཕ་ལ་འབྲེལ་བ་བྱས་ཡོད་པ་དང་། ཨ་ཕས་ཁོང་ཁྱིམ་དུ་ཁྲིད་ནས་ཉེན་རྟོག་པ་ལ་འབྲེལ་བ་བྱས་ཡོད་འདུག་པས། ཕྱིས་སུ་ཁོང་ཉིད་ལོ་ན་བཅོ་བརྒྱད་ལ་སོན་པའི་སྐྱེས་སྐར་གྱི་ཉིན། མི་གཉིས་བསླེབས་ནས་ནད་ཡམས་བརྟག་དཔྱད་ཁང་ལ་འཁྲིད་རྒྱུ་ཡིན་ཞེས་བརྗོད། ཡིན་ཡང་། མི་དེ་གཉིས་ཀྱིས་ཁོང་སྨན་ཁང་དུ་ཁྲིད་ཅིང་། སྨན་པ་དང་སྨན་ཞབས་མ་ཚོས་ཁོང་ལ་སེམས་ཁམས་ཀྱི་ནད་གཞི་ཚབས་ཆེན་ཞིག་འདུག་ཟེར་བ་དང་། ཁོང་ལ་སྲིད་གཞུང་དང་དམར་ཤོག་ཚོགས་པ་དང་མི་མཐུན་པའི་བསམ་ཚུལ་ཡོད་པས་སེམས་ཁམས་མི་བདེ་བའི་ནད་ཡོད་ངེས་རེད་ཅེས་བརྗོད་ནས་ཉིན་༡༢ རིང་སྨན་ཁང་དུ་སྨན་ཟ་བཅུག་ནས་བཞག་ཡོད་པ་བྷི་བྷི་སི་གསར་ཁང་ལ་བརྗོད་འདུག
ཁོང་སྨན་ཁང་ནས་གློད་བཀྲོལ་བཏང་སྟེ་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས། རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས། ཤོག་སྦག་སྤར་མི་ཆོག་པ་བཟོས་ཡོད་པ་དང་། ཁོང་གིས་ཤོག་སྦག་སྤར་སྟེ་བརྙན་བཟོས་ནས་དྲྭ་ཐོག་ཏུ་སྤེལ་བའི་དབང་གིས། ཉེན་རྟོག་པས་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་མཁན་ཚོ་ལ་རྒྱུན་ལྡན་ཉེས་འཛུགས་བྱེད་སྲོལ་ཡོད་པ་ལྟར། ཁོང་ནི་དཀྲོག་གཏམ་སྤེལ་མཁན་དང་རྙོག་གྲ་བཟོ་མཁན་རེད་ཅེས་བརྗོད་ནས་འཛིན་བཟུང་བྱས་ཏེ། སླར་ཡང་སྨན་ཁང་དུ་ཟླ་བ་གཉིས་བཞག་ནས་སྨན་ཟ་བཅུག་ཡོད་འདུག
ཁོང་ལ་སེམས་ཁམས་ཀྱི་ནད་རྟགས་གང་ཡང་མེད་ཀྱང་། སྨན་ཁང་དུ་ཁོང་ལ་ཡིད་མུག་པ་དང་རྒོད་པ་གང་རུང་གི་མཐའ་གཉིས་སུ་གནས་པའི་སེམས་ནད་(bipolar Disorder) ཀྱི་སྨན་དང་སེམས་ཁམས་འཆོལ་བའི་ནད་(Schizophrenia) ཀྱི་སྨན་(Aripiprazole) སོགས་སྤྲད་ཡོད་པ་ཁོང་གི་སྨན་ཐོ་ལས་ཤེས་རྟོགས་བྱུང་ཡོད་པ་བྷི་བྷི་སི་གསར་ཁང་ལ་བརྗོད་འདུག
ཁོང་ཉིད་སླར་ཡང་འཛིན་བཟུང་གིས་སྨན་ཁང་དུ་འཇུག་སྲིད་པའི་འཇིགས་སྐྲག་འོག ཁོས་ཕ་མ་གཉིས་ལ་སློབ་གྲྭར་ཉལ་ཁང་གཙང་བཟོ་བྱེད་དུ་འགྲོ་རྒྱུ་ཡིན་ཟེར་ནས་ནིའུ་རྫི་ལན་ཌི་ལ་བྲོས་བྱོལ་དུ་ཕྱིན་ཡོད་འདུག་ལ། བྷི་བྷི་སི་གསར་ཁང་གིས་ཞིབ་འཇུག་བྱས་པའི་བརྒྱུད་རིམ་ཁྲོད། རྒྱ་གཞུང་ལ་ངོ་རྒོལ་བྱས་མཐར་སྨན་ཁང་དུ་དཀའ་སྡུག་མྱོང་མཁན་མི་གྲངས་༥༩ ཤེས་རྟོགས་བྱུང་བའི་ཁྲོད་ནས་གཅིག་ཆགས་ཡོད་འདུག
སྤྱིར་རྒྱ་གཞུང་གིས་ཕྱི་ལོ་༢༠༡༣ ལོར་གནས་ཚུལ་འདི་རིགས་ལ་བཀག་སྡོམ་གྱིས་མཚམས་འཇོག་བྱེད་ཐབས་བྱས་ཡོད་ན་ཡང་། ས་གནས་གསར་འགོད་པའི་ཚོགས་པ་ཞིག་གིས་ཕྱི་ལོ་༢༠༡༣ ནས་༢༠༡༧ བར་རྒྱ་གཞུང་གིས་སེམས་ཁམས་ནད་གཞི་མེད་པའི་མི་གྲངས་༢༠༠ ལྷག་སྨན་ཁང་དུ་བཅུག་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག རྒྱ་གཞུང་གིས་ཕྱི་ལོ་༢༠༡༧ ལོ་ཚོགས་པའི་ཚོགས་གཙོ་སོགས་འཛིན་བཟུང་བྱས་པའི་དབང་གིས་གནས་ཚུལ་མུ་མཐུད་རྩད་གཅོད་བྱེད་མཁན་མེད་པར་གྱུར་ཡོད་ན་ཡང་། ཉེ་ཆར་རྒྱ་ནག་གི་ཁྲིམས་རྩོད་པ་གཙོ་གྲས་ཤིག་གིས་སེམས་ཁམས་ནད་པ་མ་ཡིན་ཡང་སེམས་ནད་སྨན་ཁང་དུ་བཅུག་པའི་མི་གྲངས་ཇེ་མང་དུ་ཕྱིན་ཡོད་པ་བྷི་བྷི་སི་གསར་ཁང་ལ་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༢༤ ཉིན་(Firstpost) ཞེས་པའི་གསར་ཁང་གིས། རྒྱ་ནག་ནང་མི་མང་ལ་སོོ་ལྟ་བྱེད་ཆེད་གློག་མིག་ས་ཡ་༧༠༠ ལྷག་བཙུགས་ཡོད་པ་དང་། གྲངས་ཀ་དེ་ནི་རྒྱ་མི་གཉིས་རེ་ལ་སོ་ལྟའི་གློག་མིག་གཅིག་རེ་གྱུར་ཞིང་། མི་སྒེར་གྱི་འགུལ་སྐྱོད་དང་གཏམ་བཤད། རང་དབང་སོགས་ལ་ཉེན་རྟོག་པས་དམ་དྲག་དང་བཀག་སྡོམ་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། རྒྱ་ནག་ལ་ཉེན་རྟོག་རྒྱལ་ཁབ་ཅེས་གྲགས་བཞིན་པ་དང་། རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་བྱེད་མཁན་མང་ཆེ་བ་ནི་སློབ་ཕྲུག་དང་། གླ་ཆ་དམའ་བའི་བཟོ་གྲྭ་ཁག་གི་ལས་མི་ཆགས་ཡོད་འདུག། ངོ་རྒོལ་བ་ཚོ་རྩིས་སྤྲོད་བྱེད་མཁན་དག་ནི་ཉེ་འབྲེལ་དང་ནང་མི་ཆགས་བཞིན་ཡོད་པ་དང་། ཞི་ཅིན་ཕིང་གིས་སྐྱོན་བརྗོད་དང་ངོ་རྒོལ་བྱེད་མཁན་རྣམས་དམ་དྲག་བྱེད་ཕྱོགས་ནི་ཧ་ཅང་ཉེན་ཚབས་ཆེ་བའི་རྣམ་པ་ཞིག་འགྱུར་བཞིན་ཡོད་པར་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།