རྒྱ་གཞུང་ལ་བོད་མི་༩ ཡི་གནས་སྟངས་ཀྱི་སྐོར་གནས་ཚུལ་མཁོ་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེས་མཁས་པ་དྲུག་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལས་དོན་ཚོགས་ཆུང་གི་སྐུ་ཚབ་གསུམ་བཅས་ཁྱོན་མི་སྣ་དགུས་གར་སོང་ཆ་མེད་དུ་གྱུར་པའི་བོད་མི་༩ ཡི་གནས་སྟངས་ཐད་རྒྱ་གཞུང་གིས་གནས་ཚུལ་མཁོ་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་འདུག

པར། UN

ཟླ་འདིའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་དང་ལས་དོན་ཚོགས་ཆུང་གསུམ་གྱི་སྐུ་ཚབ་དྲུག་གིས་གར་སོང་ཆ་མེད་དུ་གྱུར་པའི་བོད་མི་དགུའི་གནས་སྟངས་ཐད་རྒྱ་གཞུང་གིས་གནས་ཚུལ་མཁོ་སྤྲོད་དགོས་པའི་དགོས་འདུན་བཏོན་པ་མ་ཟད། སྙན་གྲགས་ཅན་གྱི་ཡུ་གུར་གྱི་དཔལ་འབྱོར་རིག་པ་བ་ཨི་ཧམ་(Ilham Tohti) གཙོས་པའི་རྒྱ་ནག་གིས་འགྲོ་བ་མིའི་ཐོག་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་འོག་མྱོང་མཁན་གཞན་རྣམས་ཀྱི་གནས་ཚུལ་ཡང་མཁོ་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག ཡུ་གུར་གྱི་དཔལ་འབྱོར་རིག་པ་ཁོང་ནི་ཡུ་རོབ་ཀྱི་(Sakharov) ཞེས་པའི་གཟེངས་རྟགས་ཐོབ་མྱོང་མཁན་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་དོ་དམ་འོག་ཏུ་བསྡད་ནས་ལོ་ངོ་བཅུ་གཅིག་པ་དེ་འགྲོ་བཞིན་ཡོད་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་དག་གིས་དགོས་འདུན་བཏོན་པའི་ནང་གི་བོད་མི་རྣམས་ནི། ཕྱུར་དར། དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་ཡིན་ཞིང་། ཕྱི་ལོ་༢༠༢༢ ཟླ་༨ ནང་ཁོང་རྣམས་ཀྱིས་བསང་གསོལ་དང་ལབ་རྩེ་བསྟོད་པ། ཞབས་རིམ་བསྒྲུབས་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་པའི་ཉེས་མིང་འོག རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་གསེར་རྟ་རྫོང་གི་བཙོན་ཁང་དུ་བཅུག ཁོང་རྣམས་ཀྱི་ཉེ་འབྲེལ་ནང་མི་ཚོ་ལ་བཙོན་ཁང་དུ་ཐུག་འཕྲད་དང་ཁ་ལག་བསྐྱལ་དུ་འགྲོ་བཅུག་མེད་པ་མ་ཟད། དགེ་འདུན་པ་ཕྱུར་དར་འཛིན་བཟུང་བྱས་ནས་ཉིན་ཤས་རྗེས། བཙོན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་འདུག

ཁོང་འདས་གྲོངས་སུ་གྱུར་དོན་ནི་འཛིན་བཟུང་མ་བྱས་གོང་དུ་ཉེན་རྟོག་པས་ཁོང་ལ་ཉེས་རྡུང་དྲག་པོ་བཏང་པ་དང་། མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་ཡིན་པ་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣས་གསལ་སྟོན་བྱས་ཡོད་འདུག

དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པས་རྒྱ་གཞུང་ལ་ཕྱི་ལོ་༢༠༢༤ ཟླ་༩ པའི་ནང་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་ཀིརྟི་དགོན་པའི་གྲྭ་བློ་བཟང་བསམ་གཏན་དང་བློ་བཟང་འཕྲིན་ལས། དེ་བཞིན་ཚེ་རིང་བཀྲ་ཤིས་དང་དབང་སྐྱིད་བཅས་ཀྱི་གནས་ཚུལ་མཁོ་སྤྲོད་དགོས་པའི་དགོས་འདུན་ཡང་བཏོན་ཡོད་འདུག་ལ། ཁོང་རྣམས་འཛིན་བཟུང་བྱས་ནས་བཟུང་ད་བར་བདེ་ཐང་ཡིན་མིན་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་དྲུག་དང་ལས་དོན་ཚོགས་ཆུང་གི་སྐུ་ཚབ་གསུམ་བཅས་ཀྱིས་རྒྱ་གཞུང་ནས་མ་འོངས་ཟླ་བ་གཉིས་ཀྱི་ནང་ཚུད་དུ་གོང་གསལ་མི་སྣ་རྣམས་ཀྱི་གནས་སྟངས་གསལ་བཤད་དགོས་པར་ནན་བརྗོད་བྱས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་བོད་དང་ཡུ་གུར། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་ཀྱི་ཚབ་བྱས་ནས་རྒྱ་གཞུང་ལ་ཞུ་གཏུག་བྱས་པར་དགའ་བསུ་ཞུས་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།