རྒྱ་གཞུང་ལ་རེ་བ་བྱེད་རིན་མེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༡༠༤༦ གི་ཆེད་བརྗོད།

ཁ་རྒྱུན་དུ་“བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས་”ཟེར་སྲོལ་ཡོད། དོན་དངོས་སུའང་བོད་པ་ནི་དུས་རྒྱུན་ཆེ་ས་ནས་ཚེ་རབས་ནས་ཚེ་རབས་བརྒྱུད་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་མཁན་གྱི་མི་རིགས་ཤིག་ཡིན་ལ། ཆུང་ས་ནས་ལས་དོན་གང་ཡིན་ཡང་བཟང་ཕྱོགས་ཁོ་ན་ལ་རེ་བ་བརྒྱབ་ནས་འགྲུབ་སྲིད་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན། རེ་བ་བརྒྱབ་པ་ཙམ་ལས་འབད་བརྩོན་མ་བྱས་པས་གྲུབ་འབྲས་གང་ཡང་མ་བྱུང་བར་“བོད་རེ་བས་ཕོངས་”ཞེས་བརྗོད་པ་ཞིག་རེད། ཕྱོགས་གཅིག་ནས་དམིགས་ཡུལ་གང་ཡིན་ཡང་རེ་བ་བརླགས་ཟིན་རྗེས་ལས་དོན་འགྲུབ་རྒྱུའི་གོ་སྐབས་མེད། གལ་སྲིད་གོ་སྐབས་ཡག་པོ་ཞིག་འབྱུང་སྲིད་ནའང་དམ་འཛིན་བྱེད་པའི་གྲ་སྒྲིག་གང་ཡང་བྱེད་མི་ཐུབ་ལ་ནུས་པའང་མེད། རེ་བ་གཅིག་པུས་མི་འགྲིག་པར་གྲ་སྒྲིག་ཀྱང་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་པས། ༧གོང་ས་མཆོག་གིས་“རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད་”ཅེས་པའི་གདམས་ངག་ཟབ་མོ་འདི་བསྩལ་བ་རེད།

བཙན་བྱོལ་བོད་མི་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་དམར་གཞུང་དང་མཉམ་དུ་བོད་དོན་འཐབ་རྩོད་བྱེད་སྟངས་ཀྱི་ཐོག་རེ་བ་བཟང་ས་ནས་བརྒྱབ་པའི་གནས་སྟངས་གང་ཡང་མཐོང་རྒྱུ་མེད། དུས་རྒྱུན་དུ་མ་འོངས་པར་རྒྱ་གཞུང་གིས་ཁས་ལེན་བྱས་པ་ཡིན་ན་བོད་རྒྱ་ནག་གི་ཆ་ཤས་བྱ་རྒྱུའི་གྲ་སྒྲིག་ཨང་གསར་བྱས་ཡོད། འོན་ཀྱང་རྒྱ་གཞུང་གིས་གནད་དོན་དེ་ཡང་ཁས་ལེན་གཏན་ནས་མ་བྱས་པར་ད་བར་ཐག་གཅོད་ཐུབ་མེད། དེ་བས་ཀྱང་ཐབས་སྐྱོ་བ་ཞིག་ལ་ཕྱི་ལོ་༢༠༠༢ ཙམ་ནས་བོད་རྒྱ་གྲོས་མོལ་གྱི་ལས་དོན་ཡིན་ལ་མིན་ལ་ཞིག་འགོ་འཛུགས་བྱས་པ་ནས་བཟུང་། མི་ལོ་ཉི་ཤུ་ལྷག་གི་རིང་བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་ནུས་པ་ཡོངས་སུ་བརླགས་ཟིན་པ་དང་། ད་ལྟའི་ཆར་དོན་དངོས་སུ་བོད་རྒྱའི་གནད་དོན་དེ་ཐག་གཅོད་ཐུབ་པའི་རེ་བ་ཙམ་རྒྱག་མཁན་ཡང་ཧ་ཅང་དཀོན་དུ་སོང་ཡོད་པས། མ་འོངས་པར་རྒྱ་གཞུང་གི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བའི་དབང་དུ་བཏང་ན། བཙན་བྱོལ་བོད་གཞུང་ལ་གོ་སྐབས་དམ་འཛིན་བྱ་རྒྱུའི་གྲ་སྒྲིག་གང་ཡང་མེད།

ད་ལྟ་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་དམག་གི་མཇུག་འབྲས་དང་། ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་འཛམ་གླིང་སྤྱི་དང་བྱེ་བྲག་རྒྱ་དམར་གཞུང་ལ་དཔལ་འབྱོར་གྱི་དཀའ་ངལ་མང་དག་ཅིག་འཕྲད་ཡོད་པས། བོད་དང། ཤར་ཏུར་ཀི་སི་ཐན། ལྷོ་སོག ཧོང་ཀོང་གི་གནད་དོན་ཙམ་མ་ཡིན་པར། མན་ཇུའི་མི་རིགས་དང་། རྒྱ་ནག་ནང་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་བཅས་ཀྱིས་རྒྱ་གཞུང་ལ་འཐབ་རྩོད་བྱེད་བཞིན་ཡོད་པ་མ་ཟད། མི་འབོར་ས་ཡ་༢༤༩ ཙམ་ཡོད་པའི་རྒྱ་ནག་ཚོང་དོན་གྱི་ལྟེ་གནས་ཧྲང་ཧེ་ནས། ང་ཚོ་རྒྱ་ནག་དམར་གཞུང་གི་ཁྱབ་ཁོངས་མ་ཡིན་པར་ཟུར་དུ་རང་བཙན་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་སྐད་འབོད་བྱེད་བཞིན་འདུག རྒྱ་གཞུང་གི་འགོ་ཁྲིད་རྣམས་ཀྱིས་སྲིད་དབང་སྒེར་གཅོད་ལ་བརྟེན་ནས་མི་མང་ལ་མནར་གཅོད་གཏོང་བཞིན་ཡོད་པ་དང་། རྒྱ་ནག་ནང་བཟོ་གྲྭ་མང་པོ་སྒོ་བརྒྱབ་ནས་མི་མང་པོའི་ལས་ཀ་འཆོར་བཞིན་ཡོད། དེ་བཞིན་ཐོག་བརྩེགས་ཁང་ཆེན་མང་པོ་ཞིག་ཀྱང་ཉོ་མཁན་མ་རག་ནས་སྟོང་པ་ཆགས་པ་མ་ཟད། ས་ཁང་ཚོང་གཉེར་བ་མང་པོ་ཞིག་གི་མ་རྩ་བརྡིབས་ནས་གྱོང་གུད་དུ་གྱུར་ཡོད།

ད་ལྟའི་གནས་སྟངས་འདི་ལྟ་བུ་མུ་མཐུད་ནས་སོང་ན། རྒྱ་ནག་ནང་དཔལ་འབྱོར་གྱི་དཀའ་ངལ་ལ་བརྟེན་ནས་དམར་ཤོག་ཚོགས་པའི་སྲིད་དབང་འཛིན་མི་ཐུབ་པའི་གནས་སྟངས་འབྱུང་ཉེ་བ་ལྟ་བུ་ཡིན་འདུག  ཨ་རིས་མུ་མཐུད་མཁྲེགས་འཛིན་བྱེད་ཐུབ་མིན་དང་། ཨ་རིའི་མཐུན་ཕྱོགས་རྣམས་མཉམ་དུ་འཁྲིད་ཐུབ་མིན་ནི་རྒྱ་ནག་གི་སྲིད་དབང་སྒེར་གཅོད་པ་རྣམས་མགོ་རྟིང་སློག་ཐུབ་མིན་གྱི་འགག་རྩ་གཙོ་བོར་གྱུར་ཡོད། ཌོ་ནལ་ཊོམ་གྱིས་ཕྱུག་བདག་ཆེན་པོ་ཨི་ལོན་མ་སི་ཀི་སོགས་ཀྱི་ཁ་ལ་ཉན་ནས། གནས་སྐབས་ཀྱི་ཁེ་ཕན་ཆུང་ཙག་ལ་བརྟེན་ཚོང་དམག་མཚམས་འཇོག་བྱས་པ་ཡིན་ན། མ་འོངས་པར་རྒྱ་ནག་གི་དཔལ་འབྱོར་ཨ་རི་ལ་བསྟུན་མི་དགོས་པའི་འཆར་གཞི་བརྟན་པོ་ཞིག་བཟོ་དགོས་པའི་དྲན་སྐུལ་ཙམ་ལས་དོན་དམ་པའི་ཕན་ཐོགས་ཤིག་མེད། གནས་སྐབས་དཔལ་འབྱོར་གྱི་དཀའ་ངལ་འཕྲད་པ་དག་ལ་གདོང་ལེན་གྱིས་སྲིད་བྱུས་འདི་དམ་འཛིན་བྱེད་ཐུབ་ན་མ་འོངས་པར་གོ་ལའི་ཁྱོན་འདིར་ཨ་རི་ལ་འགྲན་སྡུར་བྱེད་ཐུབ་མཁན་སུ་གཅིག་འབྱུང་དཀའ་བ་རེད།

མདོར་ན་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་བྱུས་ལ་འགྱུར་བ་གཏོང་རན་ཡོད། རྒྱ་ནག་ནས་ཧྲང་ཧེ་རྒྱ་གཞུང་དང་ཁ་འབྲལ་རྒྱུའི་བསམ་བློ་ཡོད་ན། བོད་པ་རྒྱ་གཞུང་དང་ཁ་འབྲལ་མི་ཐུབ་པའི་རྒྱུ་མཚན་ག་རེ་རེད། ད་ལྟ་དཀའ་ངལ་ཆེ་ཤོས་ནི་བོད་དོན་འཐབ་རྩོད་ཀྱི་སེམས་ཤུགས་མེད་པ་མ་ཟད། གསེར་དང་འདྲ་བའི་གོ་སྐབས་བཟང་པོ་ཞིག་འཐོབ་སྲིད་ནའང་དམ་འཛིན་བྱེད་དཀའ་བའི་གནས་སུ་གྱུར་ཡོད། བོད་མི་གཅིག་སྒྲིལ་གྱིས་རྒྱ་དམར་གཞུང་ལ་འཁོན་འཛིན་སླེབས་ཐུབ་ཐབས་ནི་བོད་རང་བཙན་སླར་གསོའི་ལངས་ཕྱོགས་ཁོ་ན་ཡིན། བོད་རང་བཙན་སླར་གསོའི་ལངས་ཕྱོགས་བཟུང་བ་དེ་༧གོང་ས་མཆོག་གི་དགོངས་གཞི་ལ་གུས་བརྩི་མ་ཞུས་པ་མ་རེད་ལ། མི་ལོ་༥༠ ལྷག་རིང་དབུ་མའི་ལམ་ལ་གྲུབ་འབྲས་མ་སོན་པ་དེ་༧གོང་ས་མཆོག་གི་ནོར་འཁྲུལ་མ་ཡིན་པར། རྒྱ་གཞུང་གི་མཁྲེགས་འཛིན་ལ་བརྟེན་ནས་བྱུང་ཡོད་པས། རྒྱ་གཞུང་གིས་མཁྲེགས་འཛིན་བྱས་པ་བཞིན་བོད་པས་ཀྱང་མཁྲེགས་པོ་བྱེད་མ་ཐུབ་ན་རེ་བ་རྐྱང་པ་ཙམ་གྱིས་ཕན་ཐོགས་གང་ཡང་མེད།།