རྒྱ་གར་གཞུང་གིས་༧གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་ཚད་མཐོ་རུ་བཏང་ཡོད་འདུག 

བོད་ནང་རྒྱ་ནག་གིས་བཙན་འཛུལ་བྱས་རྗེས་༧གོང་ས་མཆོག་རྒྱ་གར་ལ་ཞབས་སོར་འཁོད་ཡོད་ཅིང་། དུས་དེ་ནས་བཟུང་༧་གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་ཀྱི་འགན་དབང་ཡོངས་རྫོགས་རྒྱ་གར་གཞུང་གིས་འཁུར་བཞིན་ཡོད་པ་ལྟར། ད་ལྟའི་ཆར་རྒྱ་གར་གཞུང་གིས་སྐུའི་སྲུང་སྐྱོབ་ཚད་མཐོ་རུ་བཏང་ཡོད་འདུག

ཕྱི་ཚེས་༡༣ ཉིན་རྒྱ་གར་གྱི་གསར་ཁང་ཆེ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས་༧གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་ཐད་སྔར་ལས་ཚད་མཐོ་རུ་བཏང་ཡོད་འདུག་ཅིང་། སྐུའི་སྲུང་སྐྱོབ་ཐད་དམིགས་བསལ་ཉེན་རྟོག་དཔུང་སྡེས་འགན་འཁུར་བྱེད་རྒྱུ་ཡིན་པར་བརྗོད་འདུག ལས་ཁུངས་དེའི་ལས་བྱེད་མིང་འབོད་བྱེད་མི་ཆོག་པ་ཞིག་གིས་རྒྱ་གར་གི་(Hindustan Times)ཧིན་དྷུའི་དུས་བབ་གསར་ཁང་ལ།  ཐག་གཅོད་དེ་རིན་པོ་ཆེའི་སྐུའི་སྲུང་སྐྱོབ་ལ་ཉེན་ཁར་མཐོང་ནས་གཟའ་ཕུར་བུའི་ཉིན་ཐག་གཅོད་བྱས་ཡོད་པར་བརྗོད་འདུག ལས་བྱེད་དེ་ཡིས་ཉེན་རྟོག་དཔུང་སྡེ་ལ་དབུས་གཞུང་ནས་བཀའ་བཏང་ཟིན་པ་དང་། རྡ་སར་ཡོད་པའི་སྐུའི་ཕོ་བྲང་གི་ཉེ་འཁོར་དུ་ཆུ་ཚོད་༢༤ རིང་སྔར་ལས་སྲུང་སྐྱོབ་དམ་དུ་གཏོང་རྒྱུ་ཡིན་ཞིང་། གལ་སྲིད་རིན་པོ་ཆེ་ས་ཆ་གཞན་གང་དུ་ཕེབས་ཀྱང་དེ་བཞིན་སྲུང་སྐྱོབ་དམ་དུ་གཏོང་རྒྱུ་ཡིན་པར་བརྗོད་འདུག དེ་སྔོན་༧གོང་ས་མཆོག་ས་ཆ་གང་དུ་ཕེབས་ཀྱང་སྐུའི་སྲུང་སྐྱོབ་ཐད་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པས་འགན་འཁུར་བྱེད་ཀྱི་ཡོད་འདུག

ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པས་ཕྱི་ལོ༢༠༢༠ ལོར་རྒྱ་ནག་གི་སོ་མྱུལ་བ་(Charlie Peng)་ཟེར་བ་ཞིག་གིས་༧་གོང་ས་མཆོག་གི་སྐོར་གནས་ཚུལ་མཁོ་སྒྲུབ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་རྗེས་སྐུའི་སྲུང་སྐྱོབ་ཚད་མཐོ་རུ་བཏང་ཡོད་འདུག་ཅིང་། རྒྱ་ནག་གི་སོ་མྱུལ་བ་དེ་འཛིན་བཟུང་བྱས་ཡོད་པར་བརྗོད་འདུག རྒྱ་གར་གཞུང་གི་སྲུང་བྱ་རིམ་པའི་ནང་། རྒྱ་གར་གྱི་སྲིད་བློན་རིམ་པ་ལ་དམིགས་བསལ་སྲུང་སྐྱོབ་རུ་ཁག་[Special Protection Group (SPG)] འོག་ཉེན་རྟོག་སྐོར་སྲུང་བ་༥༠༠༠ ལྷག་གི་མཐུན་རྐྱེན་འབུལ་གྱི་ཡོད་ཅིང་། སྲུང་བྱ་རིམ་པ་(Z+)་ཡི་འོག་ལ་དམག་སྦྱོང་གི་ལག་རྩལ་ལྡན་པའི་མི་སྣ་༥༥ ལྷག་དང་། སྲུང་བྱ་རིམ་པ་མཐོ་ཤོས་གསུམ་པ་(Z)་འོག་ཏུ་ཚད་མཐོའི་དམག་རྩལ་སྦྱོང་བརྡར་ཡོད་པའི་སྐུ་སྲུང་བ་༣༥ ནས་༤༠ མཐུན་རྐྱེན་འབུལ་གྱི་ཡོད་པས། ༧གོང་ས་མཆོག་གི་༧སྐུ་ཕྱྭའི་སྲུང་སྐྱོབ་ཆེད་རྒྱལ་ཁབ་ཀྱི་སྲུང་བྱ་རིམ་པ་མཐོ་ཤོས་གསུམ་པ་དེ་ཕུལ་ཡོད་པ་རེད་འདུག

སྤྱིར་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་ཚོའི་སྐུ་སྲུང་ཐད་ཚད་མཐོའི་རིམ་པ་མང་པོ་ཡོད་འདུག་པ་དང་། དཔེར་ན། (Z+ )དང་། (Z )(Y )  (Y+)( X)བཅས་ཡོད་འདུག ༧གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་ཀྱི་རིམ་པའི་ཁྲོད་དུ་རྒྱ་གར་གྱི་ནང་སྲིད་བློན་ཆེན་(Amit Shah) སྦེ་ཇེ་པེ(BJP)སྲིད་དོན་ཚོགས་པའི་ཚོགས་གཙོ་(J P Nadda) དེ་བཞིན་ཀོོང་རེ་སི་(Congress) སྲིད་དོན་ཚོགས་པའི་འགོ་ཁྲིད་སོ་ནི་ཡ་གྷན་དྷི་(Sonia Gandhi) (ར་ཧུར་གྷན་དྷི་Rahul Gandhi)(པུ་རེ་ཡན་ཁ་གྷན་དྷི་Priyanka Gandhi) (ཨ་དྷར་པུ་ན་ཝ་ལ་Adar Poonawala)སོགས་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།