རྒྱ་གར་གཞུང་གིས་བོད་མི་དམག་མི་ཞིག་ལ་དཔའ་མཛངས་ཀྱི་གཟེངས་རྟགས་སྤྲད་འདུག
རྒྱ་གར་གཞུང་གི་གསེང་བའི་དམག་སྡེ་༢༢ པའི་ནང་གི་བོད་མི་དམག་མི་གཅིག་ལ། རྒྱ་གར་གཞུང་གིས་དམག་འཐབ་སྐབས་སུ་དཔའ་མཛངས་ལྡན་པའི་བྱ་སྤྱོད་སྤེལ་བར་ངོས་འཛིན་གྱི་གཟེངས་རྟགས་སྤྲད་འདུག་པ་དང་། དེ་ནི་རྒྱ་གར་གཞུང་གིས་ཡོངས་གྲགས་སུ་བོད་དམག་ལ་ངོས་འཛིན་དང་ཆེ་བསྟོད་བྱས་པ་ཆགས་ཀྱི་ཡོད་པས། བོད་མི་མང་པོ་ཞིག་གིས་དགའ་བསུ་བྱེད་བཞིན་འདུག
དེ་ཡང་ཟླ་༡ པོའི་ཚེས་༢༦ ཉིན་ནི་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཉིན་མོ་ཐེངས་༧༢ པ་དེ་ཡིན་པ་དང་། དེ་སྔོན་དུ་ཚེས་༢༥ ཉིན་རྒྱ་གར་གཞུང་གིས་ཆེ་བསྟོད་གཟེངས་རྟགས་སྤྲོད་ཡུལ་ཁག་གི་མིང་གཞུང་བཏོན་འདུག་པ་དང་། དེ་ཡང་ད་ལྟའི་ཆར་ལ་དྭགས་ཕྱོགས་སུ་ཡོད་པའི་བོད་དང་རྒྱ་གར་གྱི་ས་མཚམས་སུ། རྒྱ་དཀར་ནག་གཉིས་བར་གྱི་རྩོད་རྙོག་དང་འབྲེལ་ནས། དམག་མི་༥༤ ཞིག་ལ་དཔའ་མཛངས་ཀྱི་བྱ་སྤྱོད་སྤེལ་བར་ངོས་འཛིན་གྱི་ཆེ་བསྟོད་གཟེངས་རྟགས་(Mention-in-Despatches) ཞེས་པ་དེ་སྤྲད་འདུག དེའི་ཁོངས་སུ་རྒྱ་གར་གཞུང་གིས་གསང་བའི་ཐོག་བཙུགས་པའི་བོད་མི་དམག་མི་དམིགས་བསལ་མཐའ་མཚམས་དམག་གི་རུ་ཁག་(SFF) གི་དམག་མི་ཚེ་རིང་ནོར་བུ་ཡོད་འདུག་པས། རྒྱ་གར་གཞུང་གིས་ཡོངས་གྲགས་སུ་བོད་དམག་གཅིག་ལ་ཆེ་བསྟོད་བྱས་པ་ཆགས་ཡོད་པས། བོད་མི་མང་པོ་ཞིག་གིས་དྲ་ཐོག་ཏུ་དགའ་བསུ་བྱེད་བཞིན་འདུག
དེ་ཡང་ལོ་སྔོན་མར་རྒྱ་དཀར་ནག་གཉིས་བར་ལ་དྭགས་སུ་ཡོད་པའི་ཧིན་བོད་ས་མཚམས་སུ་གདོང་ཐུག་བྱུང་བཞིན་པའི་སྐབས་སུ། ས་འོག་ཏུ་སྦས་ཡོད་པའི་འབར་རྫས་གས་འཐོར་བྱུང་ནས་བོད་དམག་ཉི་མ་བསྟན་འཛིན་གྱི་ཚེ་སྲོག་ཤོར་ཡོད་པ་དང་བོད་དམག་གཞན་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་རེད། དེ་བཞིན་སྐབས་དེར་གལ་གནད་ཆེ་བའི་ས་ཆ་ཞིག་བཟུང་བའི་ལས་དོན་ཞིག་ལ་བོད་དམག་རུ་ཁག་གིས་གྲུབ་འབྲས་ཆེན་པོ་ཐོན་རྐྱེན། རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་བོད་དམག་ཐོག་ད་བར་བྱུང་མྱོང་མེད་པའི་གླེང་སློང་དང་བསྟོད་བསྔགས་ཆེན་པོ་ཐོབ་ནས། མི་མང་ནང་དུ་ཡང་བོད་དམག་སྐོར་གོ་རྟོགས་ཆེན་པོ་སྤེལ་ཐུབ་ཡོད་པ་རེད།
ཕྱིི་ལོ་༡༩༦༢ ཟླ་བ་༡༡ ཚེས་༡༤ ཉིན་བོད་ཀྱི་དམག་སྡེ་དེ་དངོས་སུ་དབུ་བརྙེས་པ་དང་། དེ་ནི་རྒྱ་གར་དམག་ཁོངས་སུ་ཡོད་པའི་གསང་བའི་དམག་སྡེ་གལ་ཆེ་གཅིག་ཡིན་ཡང་། དེའི་སྐོར་ཉེ་ཆར་བར་དུ་ཤེས་མཁན་དཀོན་པོ་ཡིན་པ་རེད། དམག་སྡེ་དེས་རྒྱ་གར་གྱི་དམག་དོན་ལས་འགུལ་མང་དག་ཅིག་ནང་ཞབས་རྗེས་རླབས་ཆེན་བཞག་མྱོང་ཡོད་པ་དང་། དེ་ཡང་ཞབས་རྗེས་ཆེ་ཤོས་གཅིག་ནི་ཕྱི་ལོ་༡༩༧༡ ལོར་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་བར་དམག་འཁྲུག་བྱུང་སྐབས། རྒྱ་གར་གྱི་དམག་དཔུང་རྣམས་དམག་སར་མ་ཐོན་གོང་། སྔོན་འགྲོར་དམག་སྡེ་དེའི་བོད་དམག་༣༠༠༠ ཙམ་ཤར་པཱ་ཀཱི་སི་ཐན་ནང་གཏོང་སྐབས། ཁོང་ཚོས་འཇབ་རྒོལ་གྱི་ཐོག་ནས་པཱ་ཀཱི་སི་ཐན་གྱི་དམག་དཔུང་རིམ་པ་དང་འཐབ་འཛིང་བྱས་ཏེ་ཕམ་ཉེས་ཆེན་པོ་བཏང་ནས། རྒྱ་གར་གྱི་རྒྱལ་ཁར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད། དེ་བཞིན་རྒྱ་གར་དང་པཱ་ཀི་སེ་ཐན་གྱི་དམག་འཁྲུག་གཞན་དང་། རྒྱ་གར་གྱི་མཐའ་སྲུང་ལས་དོན་དང་། འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་སོགས་གསང་བའི་ལས་དོན་མང་དག་གཅིག་ལ་བོད་དམག་གིས་བྱས་རྗེས་ཆེན་པོ་བཞག་ཡོད་པ་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་བརྗོད་ཡོད་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།