རྒྱ་གར་གཞུང་དམངས་གཉིས་ལ་བོད་རང་བཙན་གྱི་བདེན་པའི་གནས་བབ་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གྱི་སྦག་སྦག་སྐོར་བསྐྱོད་ལས་འགུལ་མཇུག་བསྒྲིལ་ཡོད་འདུག


བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།

རྒྱ་གར་གཞུང་དམངས་གཉིས་ལ་བོད་རང་བཙན་གྱི་བདེན་པའི་གནས་བབ་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གྱི་སྦག་སྦག་སྐོར་སྐྱོད་ལས་འགུལ་དེ། ཕྱི་ལོ་༢༠༢༤ ཟླ་བ༡༡ པའི་ཚེས་ ༢༢ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་འཕགས་བོད་ས་མཚམས་འབུམ་ལ་ས་གནས་ནས་འགོ་འཛུགས་གནང་ནས། རྒྱ་གར་གི་མངའ་སྡེ་༢༠ ལྷག་གི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཁག་ནང་སྐོར་བསྐྱོད་གནང་སྟེ། ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཇུག་བསྒྲིལ་ཡོད་འདུག

ཕྱི་ཚེས་༢༢ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་ནང་བོད་དོན་དྲིལ་བསྒྲགས་ཀྱི་སྦག་སྦག་སྐོར་བསྐྱོད་ལས་འགུལ་དེ་མཇུག་སྒྲིལ་ཡོད་འདུག དེ་ཡང་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཇུག་བསྡོམས་ཀྱི་མཛད་སྒོ་དང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་གནང་འདུག་པ་དང་།  སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ཀྱིས། བོད་དོན་ལས་འགུལ་དེའི་དམིགས་ཡུལ་དོན་ཚན་གསུམ་ཡོད་པར་འགྲེལ་བརྗོད་བྱས་ཡོད་པ་དང་།  དོན་ཚན་དང་པོ་ནི་བོད་ནང་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན། སྲིད་བྱུས་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་དང་།  དོན་ཚན་གཉིས་པ་ནི་རྒྱ་གར་གྲོས་ཚོགས་ནང་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གི་བཙན་འོག་ཏུ་ཡོད་པ་ངོས་འཛིན་གྱི་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཞུ་གཏུག་དང་།  དོན་ཚན་གསུམ་པ་བོད་དེ་བཞིན་འཛམ་གླིང་གི་སྣེ་གསུམ་པ་ཡིན་པའི་ཆ་ནས་ད་ཆ་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་དང་། གནོད་བཅུད་ལ་ཉེན་ཁ་བཟོ་བཞིན་ཡོད་པས། འཛམ་གླིང་མི་མང་ནས་དེར་དོ་སྣང་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པར་བརྗོད། 

དེ་བཞིན་མགོན་པོ་དོན་འགྲུབ་ནས་ཐེངས་འདིའི་ལས་འགུལ་སྤེལ་ནས་ཉིན་གྲངས་༦༣ རིང་ལམ་བར་དུ་ཆར་རླུང་དང་གནམ་གཤིས་གྲང་ངར་ཆེ་བའི་དཀའ་སྡུག་དང་། སྦག་སྦག་བརྡབ་སྐྱོན་ཐེངས་མང་བྱུང་ནས་ལས་འགུལ་བ་འགའ་ཤས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། ས་ཁུལ་འདྲ་མིན་ལ་གནམ་གཤིས་འདྲ་མིན་ཡོད་པའི་རྐྱེན་གྱིས་ལུས་ཀྱི་འཕྲོད་བསྟེན་སོགས་ལ་དཀའ་ངལ་དུ་མ་འཕྲད་ཡོད་ཀྱང་། བོད་མིའི་བདེན་དོན་གྱི་ཆེད་དུ་ཉིན་གཅིག་མ་ཆད་པར་བོད་དོན་འཐབ་རྩོད་སྙིང་ལ་བཅངས་ནས་དཀའ་ངལ་ལ་གདོང་ལེན་བྱས་པས་ལས་འགུལ་དེ་ལེགས་གྲུབ་བྱུང་ཡོད་པ་དང་། བཙན་བྱོལ་བོད་མི་ཚོར་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོས་ཡིད་ཆེས་དང་། རེ་བ་བྱས་བསྡད་ཡོད་པ་བཞིན། ང་ཚོས་བོད་དོན་ཆེད་དཀའ་སྤྱད་འབད་བརྩོན་བྱེད་རྒྱུ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་བཙན་བྱོལ་ནང་གི་བོད་དོན་ལས་འགུལ་བ་ཚོས་བོད་རང་བཙན་གྱི་བདེན་མཐའ་མ་གསལ་བར་དུ་རྒྱ་ནག་ལ་ངོ་རྒོལ་དང་། བོད་དོན་ལས་འགུལ་མཚམས་འཇོག་རྒྱུ་མིན་པ་རྒྱ་ནག་ལ་བརྡ་ལན་སྤྲོད་དགོས་པར་བརྗོད་ཅིང་། ཐེངས་འདིར་བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ཁྱོན་མི་གྲངས་༡༦ ཡོད་པ་དང་། ཁོང་རྣམས་ཀྱིས་ཟླ་བ་གཉིས་ཀྱི་རིང་། རྒྱ་གར་ནང་གི་མངའ་སྡེ་ཁག་༢༠ ལྷག་གི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཁག་ནང་དུ་རྒྱ་གར་མི་མང་ཚོ་ལ་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་ཡོད་ཅིང་། ཁྱོན་སྤྱི་ལེ་ཆིག་ཁྲི་ལྔ་སྟོང་ལྷག་སྐོར་བསྐྱོད་གནང་ནས་དེའི་རིང་མངའ་སྡེ་འདྲ་མིན་གྱི་སྤྱི་ཁྱབ་བློན་ཆེན་གཙོས་པའི་ས་གནས་དང་། དབུས་གྲོས་ཚོགས་འཐུས་མིར་མཇལ་འཕྲད། ས་གནས་སུ་གསར་འགོད་ལྷན་ཚོགས་ཀྱི་བོད་དོན་དྲིལ་བསྒྲགས། རྒྱ་གར་གྱི་གཞུང་སྒེར་ཚོགས་སྡེ་ཁག རྒྱ་གར་མི་མང་བཅས་ལ་བོད་དོན་གོ་རྟོགས་སྤེལ་ནས་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་འབོད་སྐུལ་གནང་ཡོད་པར་བརྗོད་འདུག དེ་སྔོན་ཁོང་ཚོ་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་སྐྱོད་སྐབས་མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་དང་ས་གནས་ཀྱི་རྒྱ་གར་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་བྱུང་ཡོད་པར་བརྗོད།
ལས་འགུལ་མཐའ་མའི་མཇུག་བསྡོམས་མཛད་སྒོའི་སྐབས་སྐུ་མགྲོན་གྱི་གཙོ་བོ། བོད་མི་དམངས་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་ལས་འགུལ་དང་འབྲེལ་བའི་གསུངས་བཤད་ཡོད་འདུག་ཅིང་། སྐབས་དེ་དུས་ཁོང་ནས་ད་ལྟའི་ལས་འགུལ་སྤེལ་མཁན་ཚོ་ནི་བཙན་བྱོལ་བོད་མི་མི་ཐོག་གསུམ་པ་དང་བཞི་པ་ཡིན་པས། མ་འོངས་པར་མི་རབས་གསར་པ་ཚོས་སེམས་ཤུགས་མ་ཆག་ནས་བོད་དོན་ཆེད་དུ་ལས་འགུལ་མང་ཙམ་སྤེལ་དགོས་པའི་འབོད་སྐུལ་ཞུས་གནང་འདུག  

དེ་བཞིན་མཛད་སྒོའི་སྐབས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་སྤྱིའི་སྤྱི་ཁྱབ་དྲུང་ཆེ་པན་ཀ་ཇི་གྷོ་ཡལ་(Pankaj Goyal) རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡི་འབྲེལ་མཐུད་པ་སྐུ་ཞབས་(Surendra Kumar)་ལྡི་ལིར་བཅའ་བཞུགས་གསར་འགོད་པ་རྒན་གྲས་དང་བོད་གནས་མཁས་པ་སྐུ་ཞབས་(Vijay Kranti)གཙོས་གནད་ཡོད་མི་སྣ་ཁག་ཅིག་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།