རྒྱ་གར་གཞུང་ནས་ས་མཚམས་དམག་མིར་མེ་མདའ་རྒྱག་ཆོག་པ་བཟོས་འདུག
རྒྱ་དཀར་ནག་གཉིས་ཀྱི་བར་དུ་དྲག་པོའི་གདོང་ཐུག་ཆེན་པོ་ཞིག་ཤོར་ནས་རྒྱ་གར་གྱི་དམག་མི་མང་པོ་བསད་པའི་གནས་ཚུལ་བྱུང་རྗེས། རྒྱ་གར་གཞུང་ནས་ས་མཚམས་དམག་མི་རྣམས་ལ་གནས་སྟངས་ཛ་དྲག་སྐབས་གོ་མཚོན་བེད་སྤྱོད་བྱེད་ཆོག་པའི་ཆོག་མཆན་སྤྲད་འདུག
ཕྱི་ཟླ་༦ ཚེས་༢༡ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་གོང་མར་ལ་དྭགས་ཕྱོགས་སུ་རྒྱ་ནག་གི་དམག་མིས་རྒྱ་གར་གྱི་དམག་མིར་རྒོལ་རྡུང་བྱས་ནས་དམག་མི་༢༠ བསད་པའི་གནས་ཚུལ་དེ་ལྷགས་རྗེས། རྒྱ་གར་གཞུང་ནས་ས་མཚམས་ཀྱི་སྒྲིག་ཁྲིམས་ལ་འགྱུར་བ་བཏང་ནས་ཛ་དྲག་གི་གནས་སྟངས་ཁྲོད་གོ་མཚོན་བེད་སྤྱོད་བྱེད་པའི་ཆོག་མཆན་ཆ་ཚང་སྤྲད་སྟབས། ད་ལྟ་དཀའ་ཉེན་གྱི་སྐབས་ལ་ས་མཚམས་སུ་བཀོད་སྒྲིག་བྱས་པའི་དམག་དཔོན་ཚོས་དམག་མི་རྣམས་ལ་“བྱ་སྤྱོད་ཀྱི་རང་དབང་ཆ་ཚང་”སྤྲོད་ཆོག་པ་བཟོས་ཡོད་འདུག
ཕྱི་ལོ་༡༩༩༦ དང་༢༠༠༥ ལོར་རྒྱ་དཀར་ནག་གཉིས་ཀྱི་བར་དུ་བཞག་པའི་གྲོས་མཐུན་ལྟར་ན། ས་མཚམས་སུ་ཕན་ཚུན་མེ་མདའ་འཕེན་མི་ཆོག་པ་མ་ཟད། རྒྱལ་མཚམས་ཀྱི་སྤྱི་ལེ་གཉིས་ཀྱི་ནང་ཚུན་དུ་འབར་རྫས་དང་མེ་སྒྱོགས་མི་རྒྱག་པའི་མོས་མཐུན་ཡང་བྱས་ཡོད་འདུག
ཡིན་ན་ཡང་། ཕྱི་ལོ་༡༩༧༥ ལོའི་རྗེས་ཀྱི་ས་མཚམས་ཀྱི་འཁྲུག་འཛིང་ཆེ་ཤོས་དེའི་ནང་། རྒྱ་ནག་གི་དམག་མིས་ལྕགས་འཛེར་བརྒྱབ་པའི་དབྱུག་པ་དང་། རྡོ་སོགས་གཞུས་ནས་དམག་དཔོན་གཅིག་ཚུད་པའི་རྒྱ་གར་གྱི་དམག་མི་༢༠ དངོས་སུ་བསད་པའི་ཐོག དམག་མི་༧༦ ལ་རྨས་སྐྱོན་བཏང་ཡོད་འདུག་ན་ཡང་། རྒྱ་ནག་གི་དམག་མི་༤༠ ལྷག་ཙམ་ཤི་རྨས་ཐེབས་ཡོད་ཚུལ་ཙམ་ལས། རྒྱ་ནག་གཞུང་གིས་རང་ཁོངས་ཀྱི་དམག་མི་ཇི་ཙམ་ཞིག་བསད་རྨས་བཏང་ཡོད་པ་ཕྱིར་བསྒྲགས་མ་བྱས་པར་གསང་རྒྱ་བྱས་འདུག
རྒྱ་གར་གྱི་དམག་མིས་གོ་མཚོན་བེད་སྤྱོད་བྱེད་ཆོག་པའི་སྒྲིག་ལམ་གསར་པ་འདི་ཐད་ལ། རྒྱ་ནག་གཞུང་གི་དྲིལ་བསྒྲགས་བྱེད་སའི་དབྱིན་ཇིའི་དྲ་བ་གཙོ་བོ་སྟེ། གོ་ལའི་དུས་བབ་(Global Times) ཀྱི་རྩོམ་སྒྲིག་འགན་ཁུར་བ་ཧོ་ཞི་ཇན་(Hu Xijin) གྱིས་ཋོ་ཋར་དྲ་བ་བརྒྱུད་དེ་“གལ་སྲིད་འདི་བདེན་པ་ཡིན་ན། གྲོས་མཐུན་དང་འགལ་བའི་གནད་དོན་ཚབས་ཆེན་ཞིག་རེད། འདི་འདྲའི་བྱ་སྤྱོད་ལ་རྒྱ་གར་གྱི་ཕྱོགས་ནས་རིན་དོད་ཆེན་པོ་འཇལ་དགོས་འཁེལ་ངེས་རེད་”ཅེས་ཉེན་བརྡ་བཏང་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།