རྒྱ་གར་གྱི་ཁ་ཆེ་བ་མང་པོ་ཞིག་རིགས་དམའ་བར་བརྩི་དོན་གང་ཡིན་ནམ།

རིགས་དམའ་བ་༼རེག་ཐུག་མི་རུང་བ༽བརྩི་སྲོལ་དེ་ནི་བྲན་གཡོག་ལམ་ལུགས་ལས་ཚབས་ཆེ་བ་རེད་ཅེས་རྒྱ་གར་གྱི་གོང་དུ་བཀུར་འོས་པའི་ཆབ་སྲིད་མི་སྣ་སྙན་གྲགས་ཆེ་ཤོས་དང། རྒྱལ་ཁབ་དེའི་རིགས་དམའ་བའི་མི་མང་རྣམས་ཀྱི་འཐབ་རྩོད་པའི་འགོ་ཁྲིད་སློབ་དཔོན་བྷེམ་རའུ་ཨེམ་བྷེ་ཊི་ཀར་གྱིས་བཤད་ཡོད་རེད།

དྷ་ལེཊ་འམ་རིགས་དམའ་བ་རྣམས་ནི་རྒྱ་གར་རྒྱལ་ཁབ་ཀྱི་མི་རིགས་ཉམ་ང་ཤོས་གྲས་སུ་ཡིན་པ་རེད། དེ་ཡང་ཧིན་རྡུ་ཆོས་ལུགས་ཀྱི་གདུག་རྩུབ་ཅན་དང་། བཟོད་སྲན་མེད་པའི་རིགས་རུས་མཐོ་དམན་གྱི་ལམ་སྲོལ་དེས་ཁོ་ཚོ་རིགས་ཀྱི་གྲལ་རིམ་ཁྲོད་དམའ་ཤོས་སུ་བཤུངས་ཡོད་པ་རེད།

gettyimagesཧིན་རྡུའི་ཆོས་ལུགས་ཀྱི་རིགས་དམའ་བ་བརྩི་སྲོལ་དེ་ནི་བརྒྱུད་ལམ་སྣ་ཚོགས་ཐོག་ལ་འགྲེལ་བརྗོད་བྱས་ཡོད་པ་དང། བགྲོ་གླེང་ཡང་མང་པོ་བྱས་ཡོད་པ་རེད་དེ། རྒྱ་གར་གྱི་ཁ་ཆེའི་ཆོས་ལུགས་པའི་སྤྱི་ཚོགས་ནང་རིགས་དམའ་བ་བརྩི་སྲོལ་དེའི་སྐོར་བགྲོ་གླེང་བྱེད་པ་ནི་དཀོན་པོ་ཡིན་པ་རེད། དེའི་རྒྱུ་མཚན་གཅིག་ནི་ཁ་ཆེའི་ཆོས་ལུགས་ནང་རིགས་མཐོ་དམན་བརྩི་སྲོལ་མེད་པ་མ་ཟད། མི་ཚང་མ་འདྲ་མཉམ་ཡིན་པས། ཐོབ་ཐང་གཅིག་མཚུངས་དགོས་པར་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཡིན་སྲིད།

རྒྱ་གར་གྱི་ཁ་ཆེ་མི་གྲངས་ས་ཡ་༡༤༠ ལས་མང་ཆེ་བ་ནི། དེ་སྔོན་རང་ཉིད་ཀྱི་ས་གནས་ལས་ཧིན་རྡུའི་རིགས་མཐོ་བའི་བཙན་གནོན་ལས་ཐར་ཆེད་དུ། ཁ་ཆེ་བའི་ཆོས་ལུགས་ལ་སྒྱུར་མཁན་ཤ་སྟག་གི་རིགས་རྒྱུད་ཡིན་པ་རེད། རྒྱུད་པ་དེ་དག་རྒྱ་གར་གྱི་ཁ་ཆེའི་ཁྱོན་བསྡོམས་མི་འབོར་གྱི་བརྒྱ་ཆ་༧༥ ཟིན་པ་དང། སྤྱི་ཚོགས་ནང་ཉམ་དམའ་བའི་ཁ་ཆེ་མི་རིགས་ཀྱི་བདེ་སྡུག་ལ་ལས་ཀ་བྱེད་མཁན་ཚོགས་པ་ཞིག་གི་འགན་འཛིན་ཨི་རྗ་ཨ་ལི་ཡིས་རྒྱུད་པ་དེ་དག་ལ་ཁ་ཆེའི་ཌ་ལེཊ་༼རིགས་དམའ་བ་༽ཞེས་མི་རྣམས་ཀྱིས་འབོད་ཀྱི་ཡོད་སྐོར་ང་ལ་འགྲེལ་བརྗོད་བྱས་བྱུང།

“རིགས་མཐོ་དམན་གྱི་ལམ་སྲོལ་དང་རིགས་དམའ་བར་རེག་ཐུག་མི་རུང་བ་བརྩི་སྲོལ་དེ་ནི། རྒྱ་གར་དང་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ཁ་ཆེ་བ་མང་པོའི་ཉིན་རེའི་མི་ཚེའི་ནང་གི་དངོས་བྱུང་གི་མྱོང་བ་ཞིག་རེད་ལ། སྤྱི་ཚོགས་ཀྱི་གསང་བ་ཆེས་སྡུག་ཤོས་དེ་རེད་”ཅེས་ཆབ་སྲིད་ཚན་རིག་པ་དང། བརྗོད་བྱ་དེའི་སྐོར་ལ་ལས་ཀ་བྱེད་མྱོང་མཁན་སློབ་དཔོན་ཨ་ཧྤ་ཏབ་ཨ་ལམ་གྱིས་ང་ལ་བཤད་བྱུང། ཉམས་ཞིབ་པ་མང་པོ་ཞིག་གིས་ཁ་ཆེ་བའི་སྤྱི་ཚོགས་ནང་ཁུལ་ལ་རིགས་ལྷད་མེད་དང་འདྲེས་མ། གཙང་མ་དང་བཙོག་པའི་བལྟ་ཚུལ་ཡོད་པ་ར་འཕྲོད་ཡོད་པ་རེད།

13183164_1168022769888257_1462728839_nཨ་ལི་ཨན་ཝར་གྱིས་བརྩམས་པའི་དེབ་ནང། ཧིན་རྡུའི་སྤྱི་ཚོགས་ནང་ལ་རིགས་དམའ་བ་ཚོར་རེག་ཐུག་མི་རུང་བ་ཞེས་འབོད་པ་དང།  ཁ་ཆེ་བའི་སྤྱི་ཚོགས་ནང་དེ་སྔོན་ཧིན་རྡུའི་རིགས་དམའ་བ་ཡིན་ཡང་རྗེས་སུ་ཁ་ཆེ་ཆོས་ལུགས་ལ་སྒྱུར་མཁན་ཚོར། རིགས་དམའ་བ་ཞེས་འབོད་ཀྱི་ཡོད་སྐོར་བྲིས་འདུག དེ་བཞིན་ཕྱི་ལོ་༢༠༠༩ ལོར་སློབ་དཔོན་ཨ་ལམ་གྱིས་ཉམས་ཞིབ་བྱས་པ་བརྒྱུད། གལ་ཆེ་བའི་ཁ་ཆེའི་ཚོགས་པ་ཁག་གི་ནང་། ཁ་ཆེ་བའི་རིགས་དམའ་བའི་མི་རིགས་གཅིག་ཀྱང་མེད་ཁར། ཚོགས་པ་དེ་དག་ནང་ཁ་ཆེའི་རིགས་མཐོ་བའི་གྲལ་རིམ་བཞིའི་མི་རིགས་ཀྱིས་དབང་འཛིན་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་པ་རེད།

ད་ལྟའི་ཆར་ཉམས་ཞིབ་པའི་རུ་ཁག་གཅིག་གིས། བརྗོད་བྱ་དེའི་སྐོར་ལ་ད་བར་བྱེད་མྱོང་མེད་པའི་ཉམས་ཞིབ་རྒྱ་ཆེན་ཞིག་བྱས་པ་བརྒྱུད། རྒྱ་གར་ཁ་ཆེའི་སྤྱི་ཚོགས་ནང་ལ། རིགས་དམའ་བ་བརྩི་བའི་ལམ་སྲོལ་སྡུག་སྦྱོང་ཅན་དེ་ཤུགས་རྐྱེན་ཆེན་པོའི་ངང་གནས་བཞིན་ཡོད་པ་ར་འཕྲོད་བྱུང་ཡོད་པ་རེད། ཁོ་ཚོས་ཕྱི་ལོ་༢༠༡༤ ལོའི་ཟླ་༡༠ པ་ནས་༢༠༡༥ ལོའི་ཟླ་༤ པ་བར། རྒྱ་གར་བྱང་ཕྱོགས་ཨུ་ཊར་པར་ཌེ་ཤི་མངའ་སྡེའི་རྫོང་༡༤ ཡི་མི་ཚང་༧༠༠༠ ལ་བསམ་ཤོག་བསྡུ་ལེན་བྱས་ཡོད་པ་དང། ཁོ་ཚོས་ཤེས་རྟོགས་བྱུང་བའི་གནད་དོན་ཁ་ཤས་ནི།

》ཁ་ཆེ་རིགས་དམའ་བའི་མི་རིགས་མང་པོ་ཞིག་གིས། ཁ་ཆེ་བ་རིགས་གཞན་གྱི་གཉེན་སྟོན་ལ་ཁོ་ཚོ་སྐད་གཏོང་གི་མེད་ཚུལ་བཤད་བྱུང་། དེ་ཡང་སྤྱི་ཚོགས་ནང་དབྱེ་འབྱེད་ཀྱི་ལོ་རྒྱུས་ཡོད་པས་ཡིན་སྲིད་པ་རེད།

》ཁ་ཆེ་རིགས་དམའ་བའི་མི་རིགས་ཀྱི་སྡེ་ཚན་ཁ་ཤས་ཀྱིས། ཁ་ཆེ་བ་རིགས་གཞན་གྱི་གཉེན་སྟོན་སྐབས་སུ། ཁོ་ཚོ་སྐུ་མགྲོན་བྱིངས་ལས་ལོགས་སུ་སྡོད་བཅུག་སྐོར་དང། སྡེ་ཚན་གཞན་པ་ཁག་ཅིག་གིས་ཁ་ཆེ་རིགས་མཐོ་བའི་མགྲོན་པོ་ཚོས་ཁ་ལག་ཟོས་རྗེས། ཁོ་ཚོས་ཁ་ལག་ཟ་ཡི་ཡོད་པ། དེ་བཞིན་ལན་འདེབས་པ་མང་པོ་ཞིག་གིས་ཁོ་ཚོར་ཁ་ལག་སྡེར་མ་ལོགས་ཀ་ཞིག་གི་ནང་སྤྲོད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

》ལན་འདེབས་བྱེད་མཁན་ཁ་ཆེ་བའི་རིགས་དམའ་བ་བརྒྱ་ཆ་༨ ཀྱིས་ཁོང་ཚོའི་ཕྲུ་གུ་རྣམས། སློབ་གྲྭར་ཅོག་ཙེའི་སྡོད་གྲལ་ལོགས་ཀར་སྡོད་དུ་བཅུག་པ་དང། ཉིན་གུང་ཁ་ལག་སྐབས་སུ་ཡང་དེ་ལྟར་བྱེད་ཀྱི་ཡོད་པ་བཤད་འདུག

》ལན་འདེབས་པ་གསུམ་ཆ་གཅིག་གིས། ཁོ་ཚོའི་ནང་མི་འདས་པོ་རྣམས་ཀྱི་ཕུང་པོ་ཁ་ཆེ་རིགས་མཐོ་བའི་དུར་སར་སྦས་བཅུག་གི་མེད་པས། ཁོ་ཚོས་དུར་ས་གཞན་ལ་འམ་ཡང་ན་དུར་ས་ལྟེ་བའི་ས་ཆ་ཁུག་ཀྱོག་ཞིག་ལ་སྦས་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

》ཁ་ཆེ་བ་མང་ཆེ་ཤོས་རྣམས་ལྷ་ཁང་གཅིག་ལ་ཆོས་བྱེད་ཀྱི་ཡོད་ཀྱང། ཁ་ཆེ་རིགས་དམའ་བ་ཁ་ཤས་ལ་ལྷ་ཁང་གཙོ་བོ་ཁ་ཤས་ནང། ཁོ་ཚོར་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་ཚོར་སྣང་འདུག

》ཁ་ཆེ་རིགས་དམའ་བ་མང་པོ་ཞིག་གིས། སྤྱི་ཚོགས་ནང་ཁོ་ཚོའི་མི་རྣམས་ཤེས་ཡོན་དང་ལག་རྩལ་མེད་པའི་ལས་ཀ་དམའ་བ་བྱེད་མཁན་ཡིན་པའི་ལྟ་ཚུལ་འཛིན་པ་ཚོར་བཞིན་འདུག

》ཁ་ཆེ་རིགས་དམའ་བ་ཚོར་ཧིན་རྡུ་དང་ཁ་ཆེ་རིགས་མཐོ་བའི་ཁྱིམ་དུ་ཕྱིན་པའི་སྐབས་ཀྱི་ཉམས་མྱོང་སྐོར་བཅར་འདྲི་བྱས་པར། ལན་འདེབས་པ་བརྒྱ་ཆ་༡༣ གྱིས་ཁ་ཆེ་རིགས་མཐོ་བའི་ནང་དུ་ཁོ་ཚོར་ལྟོ་སྣོད་ལོགས་ཀའི་ནང་དུ་ཆུ་དང་ཁ་ལག་སྤྲད་པ་དང། དེ་བཞིན་བརྒྱ་ཆ་༤༦ གིས་ཧིན་རྡུ་རིགས་མཐོ་བའི་ཁྱིམ་དུ་ཡང་དེ་ལྟར་བྱེད་ཀྱི་ཡོད་པ་ལན་འདེབས་བྱས་འདུག

》དེ་དང་འདྲ་བར་ལན་འདེབས་པ་ལྔ་ཆ་གཅིག་གིས་ཁ་ཆེའི་རིགས་མཐོ་བ་རྣམས་ཀྱིས་ཁོང་ཚོ་དང་འབྲེལ་ཐག་ཅིག་བཞག་གི་ཡོད་པ་ཚོར་བ་དང། བཞི་ཆ་གཅིག་ཧིན་རྡུའི་རིགས་མཐོ་བ་རྣམས་ཀྱིས་དེ་ལྟར་བྱེད་ཀྱི་ཡོད་པའི་མྱོང་ཚོར་འདུག

རྒྱ་གར་ནང་སེག་ཆོས་ལུགས་ཚུད་པའི་ཆོས་ལུགས་ཀྱི་སྤྱི་ཚོགས་ཚང་མའི་ནང་དུ་། རིགས་རུས་ཐོག་ནས་ཕྱོགས་ལྷུང་གི་ལྟ་ཚུལ་ཡོད་པ་རེད། ཕལ་ཆེར་པར་སའི་ཆོས་ལུགས་ཀྱི་སྤྱི་ཚོགས་ནང་ལ་དེ་འདྲའི་རིགས་མེད་པ་འདྲ་བོ་རེད།

“རིགས་རུས་བརྩི་སྲོལ་དེ་ནི་ཧིན་རྡུ་ཆོས་ལུགས་ཀྱི་དཔེ་ཆ་ནས་ལུགས་མཐུན་ཡིན་པ་འདྲེན་ཡོད་པས། དབྱིན་ཇིའི་སྲིད་དབང་སྐབས་ནས། གཞུང་དང་ཤེས་ཡོན་པའི་སྡེ་ཚན་རྣམས་ཀྱིས། རིགས་རུས་བརྩི་སྲོལ་དེ་ནི་ཧིན་རྡུའི་ཆོས་ལུགས་ནང་དུ་ཡོད་པའི་དངོས་ཡོད་གནས་སྟངས་ཤིག་ཡིན་པའི་ལྟ་ཚུལ་འཛིན་གྱི་ཡོད་པ་རེད།”ཅེས་ཉམས་ཞིབ་པ་ཊི་རི་ཝེ་ཌིས་བཤད་སོང། ཁོང་དང་ཉམས་ཞིབ་ལས་རོགས་ཚོས། ཁ་ཆེ་དང་ཡི་ཤུའི་རིགས་དམའ་བ་རྣམས་ཧིན་རྡུའི་རིགས་དམའ་བ་ཚོར་ཡོད་པའི་གཞུང་གི་དམིགས་བསལ་ཐོབ་ཐང་ལ་འོས་བབ་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག

རྩོམ་ཡིག་འདིའི་བརྡ་ལན་གཙོ་བོ་ནི། རྒྱ་གར་ནང་ཁྱེད་རང་གིས་རིགས་རུས་ཤིག་ལས་ཐར་ཐབས་བྱེད་ཐུབ་ཀྱི་ཡོད་ཀྱང། རིགས་རུས་དེས་ཁྱེད་རང་གློད་འདོད་མེད་པ་དེ་ཡིན།།