རྒྱ་གར་གྱི་གཞུང་འཛིན་སྲིད་དོན་ཚོགས་པ་དང་མཐུན་ཕྱོགས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་འདུག 

རྒྱ་གར་གྱི་བྷི་ཧར་མངའ་སྡེའི་གྲོས་ཚོགས་འོས་བསྡུར། རྒྱ་གར་དབུས་གཞུང་འཛིན་སྲིད་དོན་ཚོགས་པ་བྷི་ཇི་བྷི་དང་དེའི་མཐུན་ཕྱོགས་ལ་གཞུང་འཛིན་བྱེད་པར་དགོས་ངེས་ཀྱི་རྐུབ་སྟེགས་མང་ཤོས་ཁ་གྲངས་ལོན་ནས་རྒྱལ་ཁ་ཐོབ་འདུག འོན་ཀྱང་ཁ་གཏད་སྲིད་དོན་ཚོགས་པ་གཙོ་བོ་དེ་གྲོས་ཚོགས་ནང་རྐུབ་སྟེགས་མང་ཤོས་ཐོབ་མཁན་གྱི་སྲིད་དོན་ཚོགས་པ་ཁེར་རྐྱང་བ་དེ་ཆགས་འདུག 

ཟླ་༡༡ པའི་ཚེས་༡༡ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་ཟླ་༡༠ པའི་ཚེས་༢༨ ཉིན་མི་མང་ས་ཡ་༡༢༤ ལྷག་ཡོད་བཞིན། ཧིན་རྡི་སྐད་ཡིག་བེད་སྤྱོད་བྱེད་མཁན་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཆེ་གྲས་དང་སྲིད་དོན་ནང་གལ་གནད་ཆེ་གྲས་སུ་ཚུད་པའི་བྷི་ཧར་མངའ་སྡེའི་ནང་། མངའ་སྡེའི་གྲོས་ཚོགས་ཀྱི་རྐུབ་སྟེགས་༢༤༣ ལ་འོས་ཤོག་འཕེན་རྒྱུ་འགོ་བཙུགས་འདུག དེ་ཡང་འོས་བསྡུར་འོས་ཤོག་འཕེན་པའི་རིམ་པ་གསུམ་གྲུབ་རྗེས། འོས་གྲངས་རྩིས་བཤེར་དེ་ཟླ་༡༡ པའི་ཚེས་༡༠ ཉིན་བྱས་ཏེ་ཚེས་༡༡ ཉིན་འོས་གྲངས་ཚང་མ་རྩིས་བཤེར་བྱས་ཟིན་མེད་ཀྱང་། རྒྱ་གར་དབུས་གཞུང་འཛིན་ཚོགས་པ་བྷི་ཇི་བྷི་དང་དེའི་མཐུན་ཕྱོགས་སྲིད་དོན་ཚོགས་པ་(JDU) གཉིས་ལ་རྐུབ་སྟེགས་༡༢༥ ཐོབ་ནས་གཞུང་འཛིན་བྱེད་པར་དགོས་ངེས་ཀྱི་རྐུབ་སྟེགས་གྲངས་༡༢༢ ལས་བརྒལ་ནས་རྒྱལ་ཁ་ཐོབ་འདུག་པས། རྒྱ་གར་གྱི་སྲིད་བློན་མཱོ་རྡི་ཡིས་སྤྱི་ཚོགས་དྲ་ལམ་ཏུ། བྷི་ཧར་མངའ་སྡེའི་མི་མང་གིས་རྒྱབ་སྐྱོར་ལ་བརྟེན་ནས་མང་གཙོར་སླར་ཡང་རྒྱལ་ཁ་ཐོབ་ཡོད་པ་དང་། བྷི་ཇི་བྷི་སྲིད་དོན་ཚོགས་པ་དང་མཐུན་ཕྱོགས་ཀྱི་ཚོགས་མི་ཚོས་ཆོད་སེམས་བརྟན་པོ་དང་ལྷག་བསམ་རྣམ་དག་ཐོག་ནས་ཧུར་བརྩོན་བྱས་ཡོད་པས། ཁོ་ཚོ་ཚང་མར་འཚམས་འདྲི་ཞུ་རྒྱུ་དང་བྷི་ཧར་མངའ་སྡེའི་མི་མང་ཚར་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་སྐོར་བརྗོད་འདུག 

བྷི་ཇི་བྷི་དང་མཐུན་ཕྱོགས་ཀྱི་རྒྱལ་ཁ་ལ་བརྟེན་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནཱི་ཏེ་ཤེ་ཀུ་མར་བསྐྱར་དུ་ལས་གནས་དེར་དམ་འབུལ་བྱེད་རྒྱུ་ཡིན་འདུག་པས། དེ་ནི་ཁོང་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ལས་ཡུན་སྐབས་༧ པ་དེ་ཆགས་རྒྱུ་རེད་འདུག སྤྱིར་བཏང་ཡུན་རིང་ནས་བྷི་ཧར་མངའ་སྡེའི་ནང་བྷི་ཇི་བྷི་དང་མཐུན་ཕྱོགས་ཀྱི་ངོ་བོ་དེ་མཐུན་ཕྱོགས་སྲིད་དོན་ཚོགས་པ་(JDU) ཡི་འགོ་ཁྲིད་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནཱི་ཏེ་ཤེ་ཀུ་མར་ཡིན་ཡང་། ཐེངས་འདིའི་འོས་བསྡུའི་ནང་བྷི་ཇི་བྷི་སྲིད་དོན་ཚོགས་པར་རྐུབ་སྟེགས་༧༤ ཐོབ་ཡོད་ཁར། མཐུན་ཕྱོགས་སྲིད་དོན་ཚོགས་པ་ལས་རྐུབ་སྟེགས་༣༡ ཀྱིས་མང་བ་ཐོབ་ཡོད་པས། མ་འོངས་པར་བྷི་ཇི་བྷི་ཡིས་མངའ་སྡེ་དེའི་ནང་སྲིད་གཞུང་འཛིན་ཆེད་དུ་སྲིད་བྱུས་འགྱུར་བ་གཏོང་སྲིད་པ་རེད་འདུག་པ་དང་། དེའི་ནང་མཐུན་ཕྱོགས་སྲིད་དོན་ཚོགས་པ་དང་འབྲེལ་བ་གཅོད་རྒྱུ་ཡང་ཚུད་སྲིད་པ་རེད་འདུག 

བྷི་ཇི་བྷི་སྲིད་དོན་ཚོགས་པ་དང་མཐུན་ཕྱོགས་ལ་ཤུགས་ཆེན་པོའི་ཐོག་ནས་ཁ་གཏད་བཅག་མཁན་ནི། བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཟུར་པ་དང་ད་ལྟའི་ཆར་ལྐོག་ཟ་རུལ་སུངས་རྐྱེན་པས་བཙོན་ཁང་དུ་ཡོད་མཁན་ལཱ་ལུ་(Lalu) ཡི་བུ་(Tejashwi) ཡིས་འགོ་ཁྲིད་པའི་མཐུན་ཕྱོགས་སྲིད་དོན་ཚོགས་པར་རྐུབ་སྟེགས་༡༡༠ ཐོབ་ཡོད་འདུག་པ་དང་། ཁོང་གི་སྲིད་དོན་ཚོགས་པ་ཁེར་རྐྱང་ལ་རྐུབ་སྟེགས་༧༥ ཐོབ་ནས་གྲོས་ཚོགས་ནང་རྐུབ་སྟེགས་མང་ཤོས་ཀྱི་སྲིད་དོན་ཚོགས་པ་ཁེར་རྐྱང་བ་དེ་ཆགས་རྒྱུ་ཡིན་འདུག ཁོང་གིས་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་སྐབས་སུ་མང་ཚོགས་ལ་ལས་ཀ་བསྐྲུན་རྒྱུའི་འཆར་གཞི་ཁྱབ་བསྒྲགས་ཆེན་པོ་བྱས་ཡོད་འདུག 

བྷི་ཧར་ནི་རྒྱ་གར་ནང་གི་དཔལ་འབྱོར་སྐྱོ་ཤོས་ཀྱི་མངའ་སྡེའི་གྲས་སུ་ཚུད་ཀྱི་ཡོད་པ་དང་། མངའ་སྡེའི་མི་མང་ས་ཡ་མང་པོ་མངའ་སྡེ་གཞན་དུ་ངལ་རྩོལ་ཆེད་དུ་འགྲོ་སྐྱོད་བྱེད་ཀྱི་ཡོད་པ་རེད། ད་ལྟའི་ཆར་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་ལས་ཀ་མེད་མཁན་མང་དུ་ཕྱིན་ཡོད་འདུག མངའ་སྡེ་དེའི་ནང་ཏོག་ནད་ཕོག་མཁན་འབུམ་གཉིས་དང་ཁྲི་གཉིས་ལས་མང་བ་བྱུང་ཡོད་ཁར། མི་གྲངས་གཅིག་སྟོང་ལྷག་གི་ཚེ་སྲོག་ཤོར་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།