རྒྱ་གར་གྱི་གྲོང་གསེབ་དགེ་རྒན་ཞིག་ལ་ཨ་སྒོར་ས་ཡ་གཅིག་གི་བྱ་དགའ་ཐོབ་འདུག
ཕྱི་ལོ་༢༠༢༠ ལོའི་དགེ་རྒན་རྩེ་ཕུད་ཀྱི་བྱ་དགའ་དེ་རྒྱ་གར་གྱི་གྲོང་གསེབ་སློབ་གྲྭ་ཞིག་གི་དགེ་རྒན་ལ་ཐོབ་འདུག་པ་དང་། ཁོང་གིས་བྱ་དགའི་དངུལ་ཕྱེད་ཀ་དེ་དགེ་རྒན་རྩེ་ཕུད་ཀྱི་མཐའ་མའི་འོས་མི་རྣམས་ལ་བགོ་བཤའ་རྒྱག་རྒྱུ་ཐག་གཅོད་བྱས་ནས་དེ་ལྟར་བྱས་ཟིན་འདུག
ཟླ་༡༢ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འདི་ལོའི་དགེ་རྒན་རྩེ་ཕུད་ཀྱི་འོས་མི་༡༢,༠༠༠ ཁོངས་ནས་མཐའ་མའི་རྩེ་ཕུད་ཀྱི་བྱ་དགའ་དེ། རང་ལོ་༣༢ ཡིན་པའི་རྒྱ་གར་གྱི་ནུབ་ཕྱོགས་མངའ་སྡེ་མཱ་ཧཱ་རཱ་ཤེ་ཀྲེ་རའི་ནང་གྲོང་གསེབ་ཅིག་གི་འཛིན་རིམ་བཅུ་གཉིས་འོག་གི་དགེ་རྒན་(Ranjitsinh Disale) ལ་ཐོབ་ཡོད་འདུག་པ་དང་། དེ་ནི་རྒྱ་གར་ཡོངས་ཀྱི་སྤོབས་པ་བྱེད་འོས་པའི་རྒྱལ་ཁ་ཞིག་རེད་འདུག
དེ་ཡང་ཁོང་གིས་གྲོང་གསེབ་ནང་དུ་གནས་སྟངས་སྐྱོ་བོ་དང་གོ་སྐབས་ཞན་པའི་ཕྲུ་གུ་བུ་མོ་རྣམས་སློབ་སྦྱོང་གི་གོ་སྐབས་ཐོབ་པ་མ་ཟད་གྲུབ་འབྲས་ཡག་པོ་སོན་པར་དཀའ་ལས་རྒྱག་གི་ཡོད་པ་དང་། དེ་ལ་བརྟེན་ནས་བུ་མོ་དེ་དག་སློབ་གྲྭ་ནས་ཕྱིར་འཐེན་དང་ལོ་གཞོན་སྐབས་ནས་ཆང་ས་རྒྱག་དགོས་པའི་གནས་སྟངས་ནས་ཐར་ཐུབ་ཀྱི་ཡོད་འདུག དེ་བཞིན་ཁོང་གིས་རྒྱལ་ཁབ་༨༣ ནང་གི་སློབ་ཕྲུག་ཚོར་དྲ་ཐོག་ནས་ཚན་རིག་སློབ་ཁྲིད་བྱེད་ཀྱི་ཡོད་ཁར། དམག་འཁྲུག་གི་གནས་སྟངས་འོག་ཡོད་པའི་གཞོན་སྐྱེས་ཕན་ཚུན་བར་འབྲེལ་ལམ་བཟོ་བའི་རྒྱལ་སྤྱིའི་ལས་འཆར་ཞིག་གི་འགན་ཡང་ཁུར་གྱི་ཡོད་འདུག
བྱ་དགའ་དེ་ཐོག་མར་ཕྱི་ལོ་༢༠༡༤ ལོར་(Varkey) ཐེབས་རྩ་ཁང་གིས་འཛམ་གླིང་ནང་དུ་དགེ་རྒན་གྱི་ལས་ཀར་གཟེངས་སུ་ཐོན་པའི་ལེགས་སྐྱེས་འབུལ་མཁན་གྱི་ཁྱད་དུ་འཕགས་པའི་དགེ་རྒན་ཞིག་ངོས་འཛིན་བྱེད་ཆེད་དུ་གསར་འཛུགས་བྱས་ཡོད་འདུག
རྒྱ་གར་གྱི་དགེ་རྒན་ཁོང་ལ་བྱ་དགའ་དངུལ་ཨ་སྒོར་ས་ཡ་གཅིག་ཐོབ་ཡོད་པས། ཁོང་གིས་བྱ་དགའ་དངུལ་ཕྱེད་ཀ་དགེ་རྒན་རྩེ་ཕུད་ཀྱི་མཐའ་མའི་འོས་མི་༡༠ ལ་བགོ་བཤའ་བརྒྱབ་ནས། ཁོང་རྣམ་པའི་གཟེངས་སུ་ཐོན་པའི་ལས་ཀར་མཐུན་སྦྱོར་བྱེད་རྒྱུ་ཡིན་པ་དང་། ཁོང་ཚོ་ཚང་མས་མཉམ་དུ་འཛམ་གླིང་འགྱུར་བ་གཏོང་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག་པས། མཐའ་མའི་རྩེ་ཕུད་འོས་མི་ནང་དུ་ཡོད་པའི་དགེ་རྒན་རེ་ལ་ཨ་སྒོར་༥༥,༠༠༠ རེ་ཐོབ་རྒྱུ་ཡིན་འདུག་པ་དང་། བྱ་དགའ་དེའི་ལོ་རྒྱུས་ནང་བྱ་དགའི་དངུལ་མཉམ་སྤྱོད་བྱེད་མཁན་རྩེ་ཕུད་ཐོག་མ་དེ་ཆགས་འདུག
དེ་བཞིན་དབྱིན་ཡུལ་གྱི་དགེ་རྒན་(Jamie Frost) ལ་ཏོག་དབྱིབས་ནད་དུག་གི་དུས་སྐབས་སུ་དཔའ་བོ་ཞེས་པའི་དམིགས་བསལ་བྱ་དགའ་ཐོབ་འདུག་པ་དང་། ཁོང་ལ་བྱ་དགའི་དངུལ་ཨ་སྒོར་༤༥,༠༠༠ ལྷག་ཐོབ་ཡོད་འདུག དེ་ཡང་ཁོང་གིས་ཏོག་དབྱིབས་ནད་དུག་གི་དུས་སྐབས་འདིར་ཁྱིམ་ནས་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་རྣམས་ལ་ཕན་ཆེད་དུ། དྲ་ཐོག་ནས་ཨང་རྩིས་སློབ་ཁྲིད་ཀྱི་ཆ་རྐྱེན་བསྐྲུན་ཡོད་པ་རེད།
(Varkey) ཐེབས་རྩ་ཁང་ནི་ཕྱི་ལོ་༢༠༡༠ ལོར་དབྱིན་ཡུལ་དུ་འཛམ་གླིང་ནང་གི་དབུལ་ཕོངས་ཀྱི་ཕྲུ་གུ་ཚོར་ཤེས་ཡོན་གྱི་གནས་ཚད་མཐོ་རུ་གཏོང་ཆེད་དུ་གསར་འཛུགས་བྱས་པའི་ཁེ་མེད་ཐེབས་རྩ་ཞིག་ཡིན་འདུག་པ་དང་། གསར་འཛུགས་བྱེད་མཁན་ནི་རྒྱ་གར་གྱི་ཚོང་པ་(Varkey) ཡིན་འདུག ཐེབས་རྩ་དེས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ནང་དུ་དགེ་རྒན་དང་སློབ་སྤྱི་སྟོང་ཕྲག་མང་པོར་ལས་ཀའི་ནུས་པ་གོང་འཕེལ་གྱི་སྦྱོང་བརྡར་ཡང་སྤྲོད་ཀྱི་ཡོད་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།