རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཞིག་གི་སྐུ་ཚབ་ཀྱིས་དྷ་སར་གཟིགས་སྐོར།

“ང་ཚོའི་ཚོགས་པས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་ཀྱང། བོད་མིའི་སྒྲིག་འཛུགས་ཀྱི་ལང་ཕྱོགས་དབུ་མའི་ལམ་ཡིན་པས། གལ་ཏེ་ལམ་དེའི་བོད་ཀྱི་རྩ་དོན་ལ་ཕན་པ་ཡོད་ན། དེའི་སྟེང་འགྲོ་དགོས་པ་རེད།”ཞེས་རྒྱ་གར་ཇཱ་ཎཱ་ཊ་ཌལ་མཉམ་སྦྲེལ་ཚོགས་པའི་(Janata Dal United) སྤྱི་ཁྱབ་དྲུང་ཆེ་ཨ་རུན་ཀུ་མར་ (Shri. Arun Kumar Shrivastava) གྱིས་གསར་འགོད་ལྷན་ཚོགས་ཐོག་གསུངས་སོང།

123123ཟླ་འདིའི་ཚེས་༢ ཉིན་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཚོགས་དྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་གར་ཇཱ་ཎཱ་ཊ་ཌལ་མཉམ་སྦྲེལ་ཚོགས་པའི་སྤྱི་ཆབ་དྲུང་ཆེ་ཨ་རུན་ཀུ་མར་དང་རྒྱལ་ཡོངས་དྲུང་ཆེ་ཨཱ་མཱ་ཌ་ཁཱན་ (Afque Ahmad Khan) རྣམ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་བོད་ཀྱི་དཔེ་མཛོད་ཁང་སོགས་ལ་གཟིགས་སྐོར། སྤྱི་འཐུས་དང་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྗེས། ཁོང་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཞིག་བསྐོངས་སོང།

ཐོག་མར་བོད་མི་མང་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་བསྐོངས་དགོས་པའི་དམིགས་ཡུལ་དང་སྦྲགས། ཆབ་སྲིད་ཚོགས་པ་དེ་ཉིད་ཀྱི་ངོ་སྤྲོད་དང་ཚོགས་བཅར་བའི་མི་སྣ་གཉིས་ངོ་སྤྲོད་ཡང་གནང་སོང།

ཇཱ་ཎཱ་ཊ་ཌལ་མཉམ་སྦྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཨ་རུན་ཀུ་མར་གྱིས། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ལ་རྒྱ་ནག་ལས་བོད་ཡིན་ན་འདོད་མོས་དང་ཡིད་ཆེས་མང་བ་ཡོད། ད་ལྟའི་ཆར་བོད་ནང་རྒྱ་རིགས་འབོར་ཆེན་གནས་སྤོས་བྱེད་བཞིན་ཡོད་པས། མྱུར་དུ་བོད་ཀྱི་ལུང་པ་ཚུར་ལེན་ཐབས་བྱེད་དགོས་པ་དང། དེ་བཞིན་དེང་གི་རྒྱ་གར་གྱི་ཆབ་སྲིད་པ་རྣམས་རང་དོན་ལས་འཛམ་གླིང་གི་མང་གཙོ་དང་རང་དབང་སོགས་ཀྱི་སྐོར་ལ་སེམས་ཁུར་བྱེད་མཁན་ཉུང་དུ་སོང་ཡོད་པས། བོད་ཀྱི་རྩ་དོན་ཆེད་གྲོས་ཆོད་སྔར་ལྟར་བཞག་ཐུབ་མེད་པ། དེ་ལྟར་མ་ཡོང་བ་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཀྱི་གནོན་ཤུགས་ཡང་ཡིན་སྲིད་སྐོར་སོགས་གསུངས་སོང།

རྒྱལ་ཡོངས་དྲུང་ཆེ་ཨཱ་མཱ་ཌ་ཁཱན་ (Afque Ahmad Khan) གྱིས། ཁོང་མཐོ་སློབ་ཀྱི་དུས་ནས་བོད་དོན་དང་འབྲེལ་བ་ཡོད་པ་དང། བོད་ཀྱི་རྩ་དོན་དེ་རྒྱ་གར་གྱི་བདེ་འཇགས་ལ་འབྲེལ་བ་ཡོད་པ་ཡིད་ཆེས་ཡོད་སྐོར་སོགས་གསུངས་སོང།

ཇཱ་ཎཱ་ཊ་ཌལ་མཉམ་སྦྲེལ་ཚོགས་པ་དེ་ཉེ་བའི་ཆར། རྒྱ་གར་བྷི་ཧར་མངའ་སྡེའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད།

གསར་འགོད་པ་སྐལ་བཟང་དོན་གྲུབ།