རྒྱ་གར་གྱི་དམག་དཔོན་ཚོས་བོད་རིག་པའི་སློབ་ཚན་སྦྱོང་གི་ཡོད་འདུག

ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་ནས་གསལ་བསྒྲགས་ཞིག་སྤེལ་བའི་ནང་། རྒྱ་གར་གྱི་དམག་དཔོན་ཚོས་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་བོད་རིགས་སྡེ་ཁུལ་ཁག་གི་འབྲེལ་བར་ཤུགས་སྣོན་རྒྱག་ཆེད། བོད་ཀྱི་སྐད་དང་རིག་གཞུང་སོགས་ལ་ཉིན་གྲངས་ ༤༢ རིང་སློབ་སྦྱོང་བྱེད་རྒྱུའི་ལས་འཆར་ཞིག་འགོ་འཛུགས་གནང་ཡོད་པ་བརྗོད་ཡོད་འདུག

རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་ནང་རྟེན་གཞི་བྱེད་པའི་དབུས་ཧི་མ་ལ་ཡའི་ལེགས་བྱང་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་རྒྱལ་སྲུང་ལྷན་ཁང་གིས་གོ་སྒྲིག་འོག་རྒྱ་གར་དམག་གི་དམག་དཔོན་ཚོས་བོད་ཀྱི་སྐད་དང་རིག་གཞུང་སོགས་ལ་རྒྱུས་ལོན་ཡོངས་རྒྱུར་ཉིན་གྲངས་ ༤༢ ཀྱི་རིང་ལ་སློབ་སྦྱོང་བྱེད་རྒྱུའི་ལས་འཆར་ཞིག་གོ་སྒྲིག་བྱེད་ཡོད་པ་མ་ཟད། ལས་འཆར་དེ་བརྒྱུད་ནས་མ་འོངས་པར་བོད་ཀྱི་ས་མཚམས་ས་ཁུལ་དུ་ཡོད་པའི་བོད་རིགས་སྡེ་ཁུལ་ཁག་གི་འབྲེལ་བར་ཤུགས་སྣོན་རྒྱག་ཆེད་དུ་དམིགས་པ་ཡིན་ལུགས་དང་། མ་འོངས་པར་དེ་ལྟ་བུའི་ལས་འཆར་མུ་མཐུད་སྤེལ་འཆར་ཡོད་སྐོར་གསུངས་ཡོད་འདུག

དེ་ཡང་རྒྱ་གར་གྱི་དམག་སྤྱི་སྐུ་ཞབས་ཝེ་ལ་(Lt Col A S Walia) ཡིས་གསར་འགོད་པར་བརྗོད་དོན་ལ། “རྒྱ་གར་དམག་དཔོན་ཚོས་བོད་བརྒྱུད་ནང་བསྟན་དང་། བོད་པའི་མི་རིགས། བོད་རྒྱ་འགྱུར་གྱི་སྲིད་བྱུས། དེ་བཞིན་ཕྱི་ལོ་ ༡༩༥༠ ལོའི་སྔ་རྗེས་ཀྱི་བོད་ཀྱི་ཆབ་སྲིད་ལམ་ལུགས་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད” ཅེས་གསུངས་ཡོད་པ་མ་ཟད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་རྗེས་བོད་ནང་དུ་ཆབ་སྲིད་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་བའི་དབང་གིས་བོད་ཀྱི་དབུ་འཁྲིད་༧གོང་ས་ཏཱ་ལའི་བླ་མ་ཕྱི་ལོ་ ༡༩༥༩ ལོར་བོད་ནས་ཁ་བྲལ་དགོས་བྱུང་ཡོད། དུས་དེ་ནས་བཟུང་རྒྱ་ནག་གཞུང་གི་ཧན་མི་རིགས་ཕོན་ཆེན་བོད་ནང་གནས་སྤོས་བྱེད་ནས་བོད་རྒྱ་འགྱུར་གྱིས་སྲིད་བྱུས་ལག་ལྟར་བྱེད་བཞིན་ཡོད་པ་བརྗོད་འདུག

དེ་བཞིན་ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་གྱི་ལ་དྭགས་རང་སྐྱོང་ས་ཁུལ་གྷལ་ཝན་གྱི་ཧིན་བོད་ས་མཚམས་སུ་རྒྱ་ནག་གི་དམག་མིས་བཙན་འཛུལ་བྱས་པའི་རྗེས། ཕྱོགས་གཉིས་ཀྱི་ས་མཚམས་དམག་མིའི་བར་གདོང་ཐུག་གིས་ལག་འཛིང་ཤོར་ཏེ། རྒྱ་གར་དམག་གི་མཐོ་རིམ་དམག་དཔོན་ལས་བྱེད་གཅིག་གཙོས་པའི་དམག་མི་ ༢༠ རྐྱེན་ལམ་དུ་ཤོར་ཡོད་པ་མ་ཟད། ལོ་གཅིག་གི་རྗེས་སུ་རྒྱ་ནག་ཕྱོགས་ནས་དམག་མི་ ༥ ཡིས་ཚེ་སྲོག་ཤོར་ཡོད་པའི་གསལ་བསྒྲགས་བྱས་ཡོད་ཀྱང་རྒྱ་གར་ཕྱོགས་ནས་གྲངས་ཁ་འདི་ལ་དོགས་པ་སྐྱེས་འོས་པ་ཡིན་ལུགས་བརྗོད་ཡོད་པ་མ་ཟད། གནད་དོན་དེ་དང་འབྲེལ་ནས་རྒྱ་གར་གྱི་ཧིན་བོད་ས་མཚམས་སུ་གནས་སྡོད་བྱེད་མཁན་བོད་མི་རྣམས་ལ་རྒྱུས་ལོན་བྱེད་ཆེད། བོད་བརྒྱུད་ནང་བསྟན་དང་། བོད་ཀྱི་སྐད་ཡིག་སོགས་ལ་སློབ་སྦྱོང་བྱེད་ནས་ཧིན་བོད་མཐའ་མཚམས་བདེ་འཇགས་ཡོངས་རྒྱུའི་ཐད་འབད་བརྩོན་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༥ པ་ནས་བཟུང་རྒྱ་དཀར་ནག་གིས་ཧིན་བོད་ས་མཚམས་ཁག་ཏུ་གདོང་ཐུག་འགོག་རྒོལ་དང་ལག་འཛིང་ཐེངས་མང་བྱུང་ཡོད་པ་བརྟེན། ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་འཁྲིད་བར་ས་མཚམས་རྩོད་རྙོག་ཐད་གྲོས་མོལ་ཐེངས་དྲུག་ཙམ་བྱས་ཀྱང་ལེགས་གྲུབ་བྱུང་མེད་པ་མ་ཟད། རྒྱ་ནག་ཕྱོགས་ནས་བོད་ཀྱི་ས་མཚམས་ཁུལ་དུ་མཚོན་ཆ་འགྲེམས་འཇོག་དང་། དྲག་པོའི་དམག་སྦྱོང་བྱས་པ་སོགས་ལ་བརྟེན་ནས་རྒྱ་གར་ཕྱོགས་ནས་ཀྱང་མཚོན་ཆ་དབོར་འདྲེན་དང་། དམག་གི་འཛེང་རགས་འཛུགས་སྐྲུན་སོགས་བྱས་ཡོད་པས་ཕྱོགས་གཉིས་ཀྱི་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད། །

གསར་འགོད་པ། ཆོས་གྲགས།

Share this:

Leave a Reply