རྒྱ་གར་གྱི་དམག་མི་བསད་པར་ཨ་རིས་མྱ་ངན་གུས་འདུད་བྱས་འདུག 

རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་བྱུང་བའི་ལག་འཛིང་དྲག་པོ་དེའི་ནང་བསད་པའི་རྒྱ་གར་གྱི་དམག་མི་ཚོའི་ཕུང་པོ་ནང་མིར་རྩིས་སྤྲོད་དང་། དུར་འཇུག་མྱ་ངན་ཞུ་བའི་སྐབས་འདིར་ཨ་རིས་མྱ་ངན་གུས་དུད་ཀྱི་སེམས་གསོ་བྱས་འདུག 

བདུན་ཕྲག་འདིའི་འགོ་སྟོད་ལ་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་དུ་ལོ་ངོ་བཅུ་ཕྲག་བཞི་ལྷག་གི་ནང་དུ་འབྱུང་མྱོང་མེད་པའི་འཁྲུག་འཛིང་དྲག་པོ་དེ་ཤོར་རྗེས། ཕྱོགས་གཉིས་ཀའི་སྲིད་གཞུང་གིས་གནས་ཚུལ་ཞི་འཇགས་གཏོང་རྒྱུའི་མོས་མཐུན་བྱས་ན་ཡང་། གནས་སྟངས་ཧ་ཅང་ཛ་དྲག་ཏུ་གནས་ཡོད།

རྒྱ་གར་གི་དམག་མི་༢༠ བསད་པའི་གནས་ཚུལ་དེ་བྱུང་རྗེས། རྒྱ་གར་མི་མང་ཚོའི་ཁྲོད་དུ་སྡང་སེམས་དང་འཁོན་སེམས་ཇེ་ཆེར་གྱུར་ནས་དགྲ་ཤ་ལེན་དགོས་པ་དང་། རྒྱ་ནག་གི་ཐོན་རྫས་བཀག་སྡོམ་དགོས་པའི་སྐད་འབོད་ཤུགས་ཆེན་སྒྲོག་བཞིན་ཡོད་འདུག 

ས་མཚམས་སུ་བསད་པའི་དམག་མི་དེ་དག་གི་ཕུང་པོ་ཁྱིམ་མིར་རྩིས་སྤྲོད་དང་། དུར་འཇུག་བྱེད་བཞིན་པའི་སྐབས་འདིར། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕི་(Mike Pompeo) ཡིས་དྲ་ཐོག་ཏུ་སྤེལ་བའི་མྱ་ངན་གུས་དུད་ཀྱི་འཚམས་འདྲི་དེའི་ནང་། “ཉེ་ཆར་རྒྱ་ནག་དང་ལྷན་དུ་བྱུང་བའི་འཁྲུག་འཛིང་དེའི་ནང་ཚེ་སྲོག་གི་གྱོང་གུན་བྱུང་བར་བརྟེན། ང་ཚོས་རྒྱ་གར་མི་མང་ལ་སེམས་གཏིང་ནས་མྱ་ངན་གུས་དུད་ཞུ་ཡི་ཡོད་”ཅེས་འཁོད་འདུག

 རྒྱ་གར་གྱིས་ཕྱི་སྲིད་གནད་དོན་ཐོག་ནས་རྟག་ཏུ་ཨ་རི་དང་འབྲེལ་བ་དམ་ཟབ་ཉར་རྒྱུར་དོགས་ཟོན་བྱེད་ཀྱི་ཡོད་ན་ཡང་། ཉེ་བའི་ལོ་ངོ་བཅུ་ཕྲག་རིང་ཨ་རི་དང་ཆབ་སྲིད་ཀྱི་འབྲེལ་ལམ་བཟང་དུ་བཏང་བ་དང་། ཨ་རི་རྒྱ་གར་གྱི་གོ་མཚོན་མཁོ་སྤྲོད་བྱེད་མཁན་གཙོ་བོ་དེར་གྱུར་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།