རྒྱ་གར་གྱི་ནང་པ་གསུམ་བརྒྱ་ལྷག་མཉམ་ཞུགས་ཀྱིས་བགྲོ་གླེང་ཞིག་ཚོགས་འདུག
ཟླ་འདིའི་ཚེས་༤ ནས་ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ནང་ཆོས་ཀྱི་བགྲོ་གླེང་ཞིག་ཚོགས་ཡོད་ཅིང་། བགྲོ་གླེང་དེ་ནི་དགའ་ལྡན་ཤར་རྩེ་གྲྭ་ཚང་གིས་མཐུན་འགྱུར་གནང་བ་དང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲངས་ཉུང་མི་རིགས་སྲུང་སྐྱོབ་ཚོགས་པས་གོ་སྒྲིག་བྱས་པ་ཞིག་ཆགས་ཡོད་འདུག ཐེངས་འདིའི་བགྲོ་གླེང་དུ་ཀར་ན་ཀྲ་ཀ་མངའ་སྡེའི་ནང་གི་རྫོང་ཁག་༣༠ ནས་ཡོང་བའི་རྒྱ་གར་བ་ནང་པ་གསུམ་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད་འདུག
ཉིན་གཉིས་རིང་གི་བགྲོ་གླེང་ཚོགས་ཐོག་ཏུ་ནང་ཆོས་ཐོག་ལ་སློབ་སྦྱོང་བྱེད་ཕྱོགས་དང་མི་མང་ལ་ནང་ཆོས་ཐོག་གོ་རྟོགས་སྤེལ་ཕྱོགས། དེ་བཞིན་སྟོན་པ་བཅོམ་ལྡན་འདས་ཀྱི་རྣམ་ཐར་དང་ནང་ཆོས་ཀྱི་གལ་གནད། རྒྱ་གར་གྱི་རྩ་ཁྲིམས་ནང་གསལ་བའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་ཏྲོག་ཌར་ཨམ་བྷེད་ཀར་གྱི་སྐོར། གྲངས་ཉུང་མི་རིགས་ཀྱི་དངོས་ཡོད་དཀའ་ངལ་དང་དེང་རབས་དང་མཐུན་པའི་ལས་འགུལ་སྤེལ་ཕྱོགས། རྒྱ་གར་གྱི་གྲངས་ཉུང་མི་རིགས་ཀྱི་སློབ་ཕྲུག་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་ཐོག་ལ་བགྲོ་གླེང་གནང་ཡོད་པ་མ་ཟད། དགའ་ལྡན་ཤར་རྩེ་དང་བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་ནང་ཆོས་ཀྱི་གལ་གནད། དགོན་སྡེ་ཁག་གི་སློབ་གཉེར་བྱེད་ཕྱོགས་བཅས་ཀྱི་ཐོག་ལ་གསུང་བཤད་གནང་ཡོད་འདུག ཐེངས་འདིའི་ཚོགས་ཐོག་ཏུ་མཉམ་ཞུགས་གནང་མཁན་མང་ཆེ་བ་ནི་མོན་གྷོ་འདོད་རྒུ་གླིང་གཡས་གཡོན་དུ་ཡོད་པའི་རྒྱ་གར་བ་ནང་པ་ཚོ་ཡིན་པ་དང་བགྲོ་གླེང་དེ་འདྲ་ཞིག་ཚོགས་པ་ཧ་ལམ་ཐོག་མ་ལྟ་བུ་ཆགས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།