རྒྱ་གར་གྱི་ནང་སྲིད་བློན་ཆེན་ལ་ཏོག་དབྱིབས་ནད་དུག་ཕོག་འདུག 

རྒྱ་གར་ནང་ཉིན་རེའི་ཏོག་དབྱིབས་ནད་གྲངས་མང་དུ་འགྲོ་བཞིན་ཡོད་པ་དང་། གནད་ཡོད་མི་སྣ་ཁག་ཅིག་ལ་ཡང་ཏོག་དབྱིབས་ནད་དུག་ཕོག་ཡོད་པ་ལྟར། རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་འདུག 

ཟླ་༨ པའི་ཚེས་༢ ཉིན་རང་ལོ་༥༥ ཡིན་པའི་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་ཨཱ་མིཌ་ཤཱ་ཡིས། སྤྱི་ཚོགས་དྲ་ལམ་ཐོག་ཏུ་ཁོང་ལ་ཏོག་དབྱིབས་ནད་དུག་གི་ནད་རྟགས་ཐོན་རྗེས། བརྟག་དཔྱད་བྱས་ཡོད་པ་དང་གྲུབ་འབྲས་སུ་ནད་དུག་ཕོག་ཡོད་པ་ཐོན་ཡོད་པ་དང་། རྒྱལ་ས་ལྡི་ལིའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་པ། འདས་པའི་ཉིན་ཤས་ནང་ཁོང་དང་དངོས་སུ་འབྲེལ་བ་བྱུང་མཁན་རྣམས་ཟུར་སྡོད་དང་བརྟག་དཔྱད་བྱེད་དགོས་སྐོར་བརྗོད་འདུག 

དེ་ཡང་ཟླ་༧ པའི་ཚེས་༢༩ ཉིན་རྒྱ་གར་གྱི་སྲིད་བློན་མཱོ་རྡི་ཡི་སྡོད་ཁང་དུ། བློན་ཆེན་ཁང་གི་ཚོགས་འདུ་འཚོགས་འདུག་པ་དང་། སྐབས་དེར་ནང་སྲིད་བློན་ཆེན་ཡང་མཉམ་ཞུགས་བྱས་འདུག ད་ལྟའི་ཆར་སྲིད་བློན་མཱོ་རྡི་ཡིས་རང་ཉིད་ལ་ནད་རྟགས་ཡོད་མེད་དང་བརྟག་དཔྱད་བྱས་མིན་སྐོར་གང་ཡང་ཕྱིར་བསྒྲགས་བྱས་མི་འདུག  སྲིད་བློན་མཱོ་རྡི་དང་ཐུག་རྗེས་ནང་སྲིད་བློན་ཆེན་གྱིས་གཞུང་གི་མཐོ་རིམ་ལས་བྱེད་དང་གྲོས་ཚོགས་མི་སྣ་སོགས་ཁག་ཅིག་དང་ཡང་ཐུག་འཕྲད་བྱས་ཡོད་འདུག 

དེ་བཞིན་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀར་ན་ཀྲ་ཀའི་སྤྱི་ཁྱབ་བློན་ཆེན་གྱིས་ཀྱང་ཚེས་༢ ཉིན་ཁོང་ལ་ཏོག་དབྱིབས་ནད་དུག་འཕོག་ཡོད་སྐོར་བསྒྲགས་འདུག་པ་དང་། རྒྱ་གར་བྱང་ཕྱོགས་མངའ་སྡེ་ཡུ་པཱི་ཡི་བློན་ཆེན་ཞིག་ལ་ཏོག་དབྱིབས་ནད་དུག་ཕོག་ནས་གྲོངས་ཡོད་འདུག 

འདས་པའི་བདུན་ཕྲག་དེའི་ནང་རྒྱ་གར་དུ་ཏོག་དབྱིབས་ནད་དུག་རྐྱེན་པས་མི་གྲངས་༥༣༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་འདུག ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་ནད་པ་ཡིན་པ་༥༧༩,༣༥༧ དང་དྲག་བསྐྱེད་བྱུང་བའི་གྲངས་༡,༡༨༦,༢༠༣། འདས་གྲོངས་སོང་བའི་གྲངས་༣༨,༡༣༥ ཡིན་འདུག 

རྒྱ་གར་དེ་རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་དུག་མང་ཤོས་ཀྱི་རྒྱལ་ཁབ་གསུམ་པ་ཡིན་ཡང་། འདས་གྲོངས་སུ་འགྲོ་མཁན་གྱི་གྲངས་ཀ་དེ་ཏོག་དབྱིབས་ནད་དུག་མང་པོ་ཡོད་མཁན་གྱི་རྒྱལ་ཁབ་དང་བསྡུར་ན་ཉུང་ཉུང་ཡིན་འདུག དེ་ཡང་རྒྱ་གར་ནང་ནད་པ་གྲངས་༡༠༠,༠༠༠ ནས་འདས་གྲོངས་སུ་ཕྱིན་པ་གྲངས་༢.༤༧ ཡིན་འདུག་པ་དང་། ཨ་རིའི་ནང་ནད་པ་གྲངས་༡༠༠,༠༠༠  ནས་འདས་གྲོངས་སུ་ཕྱིན་པ་གྲངས་༤༥.༢༤ དང་དབྱིན་ཡུལ་ནང་ནད་གྲངས་གཅིག་མཚུངས་ནང་འདས་གྲོངས་སོང་བའི་གྲངས་ཀ་༦༨.༩༥ ཡིན་འདུག 

དཔྱད་བརྗོད་པ་ཚོས་རྒྱ་གར་གྱི་མི་མང་ནང་ལོ་ན་གཞོན་བ་མང་པོ་ཡོད་པས། ཚེ་སྲོག་ལ་ཉེན་ཁ་ཆུང་བ་ཡོད་པ་དང་། དེ་ལ་བརྟེན་ནས་དྲག་བསྐྱེད་ཀྱི་གྲངས་ཀ་ཡང་མཐོན་པོ་ཡོད་སྐོར་བརྗོད་བཞིན་འདུག 

ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་ནད་དུག་མང་ཤོས་ཐོན་མཁན་གྱི་ས་གནས་ནི་ལྡི་ལི་དང་མུམ་བྷེ་གྲོང་ཁྱེར་གཉིས་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།